ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་དང་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཡིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་དང་ཁ་པར་གྱི་ལམ་ནས་གྲོས་མོལ་བྱས།

ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་ཨུའི་འབྲེལ་བའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་རེད། གཟའ་འཁོར་སྔོན་མར་ཨུ་རུ་སུས་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་སླར་ཡང་ཁ་པར་གྱི་འབྲེལ་ལམ་བརྒྱུད་ནས། མུ་མཐུད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་ཨུའི་འབྲེལ་བ་དེ་རང་སོ་སོའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩི་དགོས་པ་ནན་བཤད་བྱས་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉི་གའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་སྔར་ལས་དོན་འཁྱོལ་བྱས་ནས་རིམ་པ་ཁག་གི་འགྲོ་འོང་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། རིམས་ནད་སྔོན་འགོག་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་ཀྱི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་དགོས།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་འཛེམ་བག་མེད་པར་རང་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས། རང་ཕན་རིང་ལུགས་དང་ཁེར་རྐྱང་རིང་ལུགས། བཙན་ཤེད་རིང་ལུགས་བཅས་རྩེར་སོན་དུ་སྤེལ་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་རང་ངོས་ཀྱི་འགན་འཁྲི་གཞན་འགེལ་བྱས་ཏེ། རིམས་ནད་ཀྱི་གནས་ཚུལ་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་ཁག་འགེལ་དང་ངན་དཀྲིས་བྱས་པར་མ་ཟད། ཐ་ན་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཀུན་གྱིས་དོ་སྣང་བྱེད་ཡུལ་དང་འགྲན་རྒོལ་ཆེན་པོ་བཟོས་ཏེ། བློ་རིག་དང་ཀུན་སྤྱོད། ཡིད་རྟོན་བཅས་ཤོར་ཚར་བ་རེད།

ཝང་དབྱི་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོར་འཛིན་པའི་སྲིད་ཇུས་ཐད་མིང་ངན་ཡོངས་གྲགས་ཀྱི“མའེ་ཁ་ཞི་རིང་ལུགས”དང་སྔ་ས་ནས་དུས་ལས་ཡོལ་ཟིན་པའི“འཇམ་འཐབ་ཀྱི་བསམ་གཞིགས”ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་འགལ་ཟླ་བསླངས་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་བརྒལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཀྲུང་གོར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཉུང་ཤས་ཀྱིས་གོམ་སྟབས་འདེགས་མི་ཐུབ་པ་བཟོ་ངེས་ནའང་། རང་ཉིད་ཀྱི་ལུགས་མཐུན་ཁེ་ཕན་དང་ལ་རྒྱ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་ངེས་ཡིན།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པར་མ་ཟད། དོན་དངོས་དང་མཐུན་ལ་གཞུང་དྲང་གི་ལངས་ཕྱོགས་འཛིན་པའི་རྒྱལ་ཁབ་ཚང་མ་དང་མཉམ་དུ། རྒྱལ་སྤྱིའི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་འགལ་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་དགོས། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་ཡག་པོ། གོ་ལ་ཧྲིལ་པོའི་ཡར་ཐོན་འཕེལ་རྒྱས་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་ཟེར།  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།