ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་འཛུགས་རྒྱུ་དེ་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་སྲིད་ཇུས་གྲོས་གཞིའི་སྙན་ཞུར་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྲིང་འཕེལ་རྒྱས་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཚེས་བཅུ་དྲུག་ཉིན་གྲོལ། ཚོགས་འདུའི་སྐབས་སུ་སྤེལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག་ཏུ་ནུས་ཁུངས་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་དགོས་ཞེས་པའི་སྲིད་ཇུས་གྲོས་གཞིའི་སྙན་ཞུའི་ནང་ཡང་བསྐྱར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་སྤྲད་པའི་སྲིད་ཇུས་གྲོས་གཞི་བཀོད་ཡོད། དེ་ནི་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་འཛུགས་རྒྱུ་དེ་བསྟུད་མར་ལོ་གསུམ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ཆབ་སྲིད་གླེང་སྟེགས་ཀྱི་སྲིད་ཇུས་གྲོས་གཞིའི་སྙན་ཞུར་བཀོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་སྤྲད་པའི་སྲིད་ཇུས་གྲོས་གཞི་སྟེ་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་བཙུགས་ཏེ་མཉམ་འབྲེལ་རྒྱལ་ཚོགས་རྒྱུན་སྲིང་འཕེལ་རྒྱས་དམིགས་འབེན་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་ཞེས་པ་དེའི་ནང་དུ་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་སྲོག་ཤིང་འདུ་ཤེས་དང་། འཛམ་གླིང་ལ་ས་ཁོངས་གཙོ་བོའི་གློག་དྲ་མཉམ་འབྲེལ་གྱི་གནས་ཚུལ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་འཛུགས་པའི་གལ་ཆེན་རང་བཞིན། དེར་གནས་པའི་འགྲན་རྩོད་དང་སྲིད་ཇུས་ཀྱི་གྲོས་གཞི་སོགས་འདུ། གྲོས་གཞིའི་ནང་དུ། མཉམ་འབྲེལ་མཉམ་འདྲེས་ཀྱིས་ནུས་ཁུངས་ཐོན་ཁུངས་གཅིག་གྱུར་གྱིས་གསར་སྤེལ་བྱེད་པ་དང་འཛམ་གླིང་རང་བཞིན་གྱི་སྒྲིག་བཀོད་བྱེད་པར་ཡར་སྐུལ་བྱས་ཏེ། ནུས་ཁུངས་མཁོ་འདོན་ལ་ཁག་ཐེག་བྱེད་ཐུབ་པ་དང་། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་བཙུགས་ན། དག་གཙང་གློག་ཤུགས་མཉམ་སྦྲེལ་བྱས་ཏེ། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ནས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཁོར་ཡུག་གི་རྒྱུན་སྲིང་རང་བཞིན་ལ་ཁག་ཐེག་བྱེད་པར་བྱས་རྗེས་འཇོག་ཐུབ་ཅེས་བསྟན་ཡོད།

སྲིད་ཇུས་གྲོས་གཞིའི་ནང་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་གནས་བབ་འོག་ཏུ། རྒྱལ་ཁབ་སོ་སོས་དག་གཙང་ནུས་ཁུངས་ཀྱི་འཕེལ་རྒྱས་དང་གློག་ཤུགས་མཉམ་འབྲེལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་བསྐྱར་དར་འཆར་གཞིའི་ཁྲོད་དུ་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིམ་པ་ནས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་བྱ་བའི་རྐྱེན་སྲོག་འཛུགས་པ་དང་། ས་ཁོངས་མཉམ་ལས་ལྟེ་གནས་བཙུགས་ཏེ། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བར་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཞིབ་འཇུག་འཆར་འགོད་དང་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།