ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་ཡིས་གནས་སྐབས་སུ་རྒྱལ་ཁབ་བཅུ་གསུམ་གྱི་དུས་གཏན་གནམ་གྲུའི་འཕུར་མཚམས་འཇོག་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་གསར་ལམ་གྱིས་ཚེས་བཅུ་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཐ་ལིས་ཉིན་དེ་ནས་བཟུང་རྒྱལ་ཁབ་བཅུ་གསུམ་དང་དུས་གཏན་གནམ་གྲུའི་འཕུར་མཚམས་བཞག་པ་དང་འབྲེལ་ཏེ། ཉིན་བཅུ་བཞི་ནང་ཚུན་དུ་དེ་སྔ་རྒྱལ་ཁབ་དེ་དག་གི་ཡུལ་སྐོར་བ་རྒྱལ་ནང་དུ་ཡོང་རྒྱུ་གཏན་འགོག་བྱས།

བསྒྲགས་པ་ལྟར་ན། འདི་ནི་དབྱི་ཐ་ལིའི་འཕྲོད་བསྟེན་པུའུ་ཀྲང་སི་ཕེ་ལན་ཀྲ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་པའི་བཀག་རྒྱ་ཞིག་ཡིན་པ་དང་། བཀག་རྒྱའི་གོ་ཆོད་དུས་ཡུན་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་བར་གཏན་འཁེལ་བྱས་པ་རེད། སྐབས་དེ་དུས་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་གནས་ཚུལ་ལ་སླར་ཡང་དཔྱད་འཇོག་བྱ་རྒྱུ་དང་འབྲེལ་ཏེ། གནས་ཚུལ་ལ་གཞིགས་ནས་བཀག་རྒྱའི་དུས་ཡུན་ཇེ་རིང་དུ་གཏོང་དགོས་མིན་གཏན་འཁེལ་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་བཅུ་གསུམ་པོ་དེ་དག་ནི་ཡ་མེ་ཉི་ཡ་དང་པ་ལིན། བྷང་ག་ལ། པར་ཙིར། པོ་ཧེར། ཆི་ལི། མ་ཆི་ཏུན་བྱང་མ།  མོར་ཏུའོ་ཝ། ཨ་མན། པ་ན་མ། ཕེ་རུ། ཁོ་ཝེ་ཐེ། ཏོ་སྨི་ཉི་ཁ་བཅས་ཡིན་པ་རེད།

སི་ཕེ་ལན་ཀྲ་ཡིས་སྤྱི་ཚོགས་འབྲེལ་བའི་གསར་ལམ་ཐོག་བཤད་རྒྱུར། གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་འཕེལ་རྒྱས་སྔར་བཞིན་ཧ་ཅང་ཚབས་ཆེ་བའི་དུས་མཚམས་སུ་གནས་ཡོད་པས། “ང་ཚོས་དབྱི་ཐ་ལིའི་མིས་ཟླ་བ་ཁ་ཤས་རིང་བློས་གཏོང་བྱས་པ་ཆུད་ཟོས་སུ་གཏོང་མི་རུང”ཞེས་བཤད་པ་རེད།

དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་ཡིས་ཚེས་བཅུ་ཉིན་ཝེ་ཉི་སི་རུ་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། མིག་སྔའི་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་དབྱི་ཐ་ལིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་མཇུག་བསྒྲིལ་བའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཕྱིར་འགྱངས་གཏོང་སྲིད་ཟེར།

རྩོམ་སྒྲིག་པ། : རམས་ཚེ་བྷོ།