ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུ་དང་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་པར་གྱི་ལམ་ནས་སི་རི་ཡའི་མི་ཆོས་རོགས་སྐྱོར་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལུའོ་ཧྥུ་ཡིས་ཚེས་བདུན་ཉིན་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་སི་དང་ཁ་པར་ཐོག་ནས་བཀའ་མོལ་གནང་བ་རེད། ཕྱོགས་གཉིས་ཀྱིས་གཙོ་བོ་སི་རི་ཡཱ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཉིན་དེར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དཔོན་གྱིས་སི་རི་ཡའི་དུས་བབ་ཐད་བསམ་འཆར་བརྗེ་རེས་བྱས་ཡོད། ཕྱོགས་གཉིས་པོས་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་ཆབ་སྲིད་ཅན་མིན་པ་དང་མཐོང་ཆུང་མི་བྱེད་པ། སྔོན་འགྲོའི་ཆ་རྐྱེན་མེད་པ་བཅས་ཀྱི་ཆ་རྐྱེན་འོག་སི་རི་ཡའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་དེ་རེད་ཟེར།

ལ་ཧྥུ་ལོ་ཧྥུས་བཤད་དོན། ཨ་མེ་རི་ཁ་དང་ཡོ་རོབ་མནའ་འབྲེལ་གྱིས་སི་རི་ཡར་ཁྲིམས་འགལ་ངང་དཔལ་འབྱོར་བཀག་སྡོམ་བྱས་པ་དེས་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་དངོས་ཡོད་དགོས་མཁོ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་གཞིར་བཟུང་ནས་སི་རི་ཡར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས།

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་་པུའུ་ཀྲང་གིས་ནན་གྱིས་བསྟན་དོན། སི་རི་ཡའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་དང་སི་རི་ཡ་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སི་རི་ཡའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ནས། སི་རི་ཡའི་གནད་དོན་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་བྱེད་དགོས།

རྒྱལ་ཁབ་གཉིས་ཀྱི་པུའུ་ཀྲང་གིས་ད་དུང་ཨུ་རུ་སུ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་དང་དེ་བཞིན་ཨུ་རུ་སུ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།