ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་རྒྱལ་ཁབ་ཁག་གིས་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་གཞི་ཞིབ་འཇུག་དང་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རེ་འབོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་དང་རྒྱལ་སྤྱིའི་ཕྱུགས་ཟོག་ཞིབ་འཇུག་ཁང་གིས་ཚེས་དྲུག་ཉིན་མཉམ་འབྲེལ་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་སྲོག་ཆགས་ཀྱི“དངོས་རིགས་ཀྱི་དབྱེ་མཚམས་ལས་བརྒལ”ནས་མིའི་རིགས་ལ་འགོས་པར་བཀག་འགོག་བྱེད་དགོས་ལ། དེ་ལྟར་མ་བྱས་ན་མ་འོངས་པར་ད་དུང་མི་ཕྱུགས་དེ་བས་མང་བར་རིམས་ནད་འགོས་སྲིད་ཟེར།《ཐེངས་རྗེས་མའི་རིམས་ནད་ཆེན་པོ་སྔོན་འགོག་བྱེད་པ་སྟེ། མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་དང་དེ་བཞིན་ཇི་ལྟར་བྱས་ནས་འགོས་ཁྱབ་འབྲེལ་ཐག་གཅོད་དགོས》ཞེས་པའི་སྙན་ཞུའི་ནང་། མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་ཡང་ཡང་འབྱུང་བའི་རྒྱུ་རྐྱེན་བདུན་བསྟན་ཡོད། དེའི་ཁྲོད་དུ་མིའི་རིགས་ཀྱིས་སྲོག་ཆགས་ཀྱི་སྤྲི་དཀར་དགོས་མཁོ་ཇེ་ཆེར་འགྲོ་བ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བེད་སྤྱོད་དང་གསར་སྤེལ་ཇེ་མང་དུ་འགྲོ་བ་དང་གནམ་གཤིས་འགྱུར་ལྡོག་སོགས་འདུས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་དབྱིན་ཨེ·ཨན་ནུའོ་ཧྲེང་གིས་སྙན་ཞུའི་ནང་། ནད་ཡམས་ཀྱིས་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་གཏོང་བ་མ་ཟད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ལའང་གནོད་འཚེ་གཏོང་གི་ཡོད། འདས་ཟིན་པའི་ཟླ་ཤས་རིང“རིམས་ནད་ཀྱིས་ཆེས་དབུལ་པོ་དང་ཆེས་ཉམས་ཞན་གྱི་མི་ཚོགས་ལ་རྡུང་རྡེག་གཏོང་ཚད་ཚབས་ཆེ་ཤོས་ཡིན་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང” ཡོད། སླད་ཕྱིན་རིམས་ནད་སླར་ཡང་ཐོན་རྒྱུ་སྔོན་འགོག་བྱ་ཆེད་ངེས་པར་དུ་དེ་བས་གཟབ་ནན་གྱི་སྒོ་ནས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

མི་ཕྱུགས་གཉིས་ཀར་ཕོག་སླ་བའི་ནད་རིགས་སྔོན་འགོག་དང་ཁ་གཏད་འཇལ་བར་དམིགས་ནས། སྙན་ཞུའི་ནང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་ལ་ཚན་རིག་དང་མཐུན་པའི་ཞིབ་དཔྱད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། སྤྱི་པའི་འཕྲོད་བསྟེན་དང་ཕྱུགས་རིགས་སྨན་པ། ཁོར་ཡུག་ཆེད་ལས་ཤེས་བྱ་བཅས་ཟུང་འབྲེལ་བྱེད་པའི“གཞི་གཅིག་ཅན་གྱི་བདེ་ཐང”གི་འཆར་གཞི་སྤྱད་དེ། སྐྱེ་དངོས་བདེ་འཇགས་དང་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ཤུགས་སྣོན་རྒྱག་པ་དང་། དེ་བཞིན་རྒྱུན་མཐུད་ཐུབ་པའི་ས་ཞིང་དོ་དམ་བྱེད་སྟངས་སོགས་སྤྱོད་དགོས་པར་རེ་སྐུལ་བྱས་ཡོད།

མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་ཞེས་པ་ནི་སྲོག་ཆགས་དང་མིའི་རིགས་བར་རང་བྱུང་དུ་འགོས་པའི་ནད་རིགས་ལ་ཟེར། ཨའེ་པོ་ལ་དང་འཛམ་གླིང་དབུས་ཤར་གྱི་དབུགས་ལམ་རྟགས་འདུས་ནད།པྲོག་དབྱིབས་ནད་དུག་སོགས་ཚུད་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།