ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ཅིན་བྱང་ཤར་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོང་གོ་ཅིན་གྱི་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། ཁོང་གོ་ཅིན་བྱང་ཤར་ཕྱོགས་ཀྱི་དབྱེ་ཐུའུ་ལི་ཞིང་ཆེན་དུ་ཚེས་བཞིའི་ཉིན་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

ཁོང་གོ་ཅིན་གྱི་དབྱེ་ཐུའུ་ལི་ཞིང་ཆེན་གྱི་ས་གནས་དཔོན་པོ་ཞིག་གིས་བཤད་རྒྱུར། ས་གནས་དམངས་དམག་རྩ་འཛུགས་ཤིག་གིས་ཚེས་བཞི་ཉིན་དབྱེ་ཐུའུ་ལི་ཞིང་ཆེན་གྱི་མཱ་ཐེ་ཐི་ས་ཁུལ་ནས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་པུའུ་ནེ་ཡཱ་ནས་ཡོང་བའི་རླངས་འཁོར་གཉིས་ལ་འཇབ་རྒོལ་བྱས་ཏེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ས་གནས་དཔོན་པོ་དང་ཉེན་རྟོག་པ། དམག་མི། མི་སེར་དཀྱུས་མ་བཅས་འདུས་ཡོད་ཟེར། 

ཟླ་འདིའི་ཚེས་གསུམ་ཉིན། ཁོང་གོ་ཅིན་དམག་ཕྱོགས་ཀྱིས་དམག་དོན་འགུལ་སྐྱོད་སྤེལ་སྐབས་དམངས་དམག་རྩ་འཛུགས་དེའི་དྲག་ཆས་མི་སྣ་བདུན་བསད་པ་རེད། 

དབྱེ་ཐུའུ་ལི་ཞིང་ཆེན་ནི་ཁོང་གོ་ཅིན་གྱི་བྱང་ཤར་ཕྱོགས་སུ་གནས་པ་དང་། ཉེ་བའི་ལོ་འགའི་རིང་ལ་ས་ཁུལ་དེར་རིགས་རྒྱུད་ཚོ་ཁག་བར་གྱི་འགལ་བ་ཇེ་དྲག་ཏུ་སོང་ཡོད། ས་གནས་དམངས་དམག་དྲག་ཆས་པས་ས་ཞིང་དང་གཏེར་ཁ་འཕྲོག་རྩོད་བྱེད་ཆེད་དུས་ངེས་མེད་དུ་མི་སེར་དཀྱུས་མར་འཇབ་རྒོལ་བྱེད་བཞིན་ཡོད། ད་ལོར་མི་སེར་དཀྱུས་མ་སུམ་བརྒྱ་ལྷག་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།