ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ས་ཆ་དུ་མ་ནས་སྦྱོར་བ་མང་པོ་སྤེལ་ཏེ་དྲག་ཆས་ཉེས་ཅན་རེ་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཉིན་ཤས་རིང་ས་ཆ་དུ་མ་ནས་སྦྱོར་བ་སྤེལ་ཏེ་ཉུང་མཐར་ཡང་དྲག་ཆས་ཉེས་ཅན་རེ་བཞི་བསད་ཡོད་ཟེར།

ཚེས་ཉེར་བརྒྱད་ཉིན། ཨ་ཧྥུའུ་ཧན་ཤར་རྒྱུད་ཀྱི་ཅ་ཙི་ཉི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཝ་ཞི་ཏུའུ་ལ·ཀྲུའུ་མ་ཀྲ་ཏས་ར་སྤྲོད་བྱས་དོན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གི་དམག་འཐབ་གནམ་གྲུས་ཉིན་དེར་ཞིང་ཆེན་དེའི་ཏའེ་ཧོ་ཡ་ཁེ་ས་ཁུལ་དུ་ཐ་ལི་པན་འདུ་ཚོགས་ཀྱི་བྱེད་སྒོར་མཁའ་ཐོག་ནས་རྡུང་རྡེག་བཏང་ནས། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་མི་དྲུག་རྨས་ཟེར།

ཉིན་དེར་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། བདེ་འཇགས་དམག་དཔུང་ཤར་རྒྱུད་ཀྱི་ཕ་ཁེ་ཏི་ཡ་ཞིང་ཆེན་གྱི་སོ་ལྟ་ཁང་ཞིག་ལ། ཉིན་དེར་ཐ་ལི་པན་དྲག་ཆས་པས་འཇབ་རྒོལ་བྱས་པ་དང་། བདེ་འཇགས་དམག་དཔུང་གིས་དེ་འཕྲལ་ཚར་གཅོད་བྱ་སྤྱོད་སྤེལ་ནས་དྲག་ཆས་མི་སྣ་བཅུ་གསུམ་བསད། བདེ་འཇགས་དམག་དཔུང་གིས་ད་དུང་ཤར་རྒྱུད་ཀྱི་ཁ་ཕི་ས་ཞིང་ཆེན་དུ་དྲག་ཆས་ཉེས་ཅན་བདུན་བསད་པ་དང་མི་བདུན་རྨས་ཟེར།

ཨ་ཧྥུའུ་ཧན་གྱི་ནང་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། ཚེས་ཉེར་བདུན་ཉིན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ནུབ་རྒྱུད་ཀོའར་ཞིང་ཆེན་ཧྲ་ཅར་ས་ཁུལ་དུ་ཐ་ལི་པན་ལ་ཚར་གཅོད་བྱ་སྤྱོད་སྤེལ་ནས། དྲག་ཆས་ཉེས་ཅན་བཅུ་བཞི་བསད་པ་དང་མི་བཅོ་ལྔ་ལ་རྨས་སྐྱོན་བཏང་ཡོད་ཟེར།

གཞན་ཡང་ཨ་ཧྥུའུ་ཧན་བྱང་རྒྱུད་ཀྱི་ཧྥ་ལི་ཡ་པུའུ་ཞིང་ཆེན་དང་ཀྲུའུ་ཙི་ཀྲན་ཞིང་ཆེན་ནས་འབྱོར་བའི་གསར་འགྱུར་ལྟར་ན། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་འདས་པའི་ཆུ་ཚོད་ཉེར་བཞིའི་རིང་། ཞིང་ཆེན་དེ་གཉིས་ནས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་མི་བཅུ་གསུམ་རྨས་ཡོད་ཟེར།

ཨ་ཧྥུའུ་ཧན་ཐ་ལི་པན་སྨྱུང་གྲོལ་དུས་ཆེན་མ་འཚོགས་གོང་གི་དུས་ཡུན་ཉིན་གསུམ་རིང་དམག་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྨྱུང་གྲོལ་དུས་ཆེན་མཇུག་རྫོགས་མ་ཐག ཐ་ལི་པན་གྱི་དྲག་ཆས་མི་སྣས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་ཡང་བསྐྱར་འཇབ་རྒོལ་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཀྱང་ཐ་ལི་པན་གྱི་དྲག་ཆས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད་འདུག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།