ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་གལ་ཏེ་ཨ་མེ་རི་ཁས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་ཁུར་དུ་མ་བླངས་ན་ཡོ་རོབ་གླིང་གིས་དེའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་ཁུར་དུ་མ་བླངས་ན་ཡོ་རོབ་གླིང་གིས་དེའི་བར་གྱི་འབྲེལ་བར་ཡང་བསྐྱར་དཔྱད་འཇོག་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ཨ་མེ་རི་ཁས་འཇར་མན་དུ་སྡོད་པའི་དམག་དཔུང་ཇེ་ཉུང་དུ་གཏོང་བའི་འཆར་གཞིའི་ཐད་ནས་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོ་མོས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་མནའ་མཐུན་དེ་ཡོ་རོབ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་གང་རུང་ལ་རིན་ཐང་ཆེན་པོ་ལྡན་ཟེར། འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དེ་འཇར་མན་དང་བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་ས་ཁུལ་སྐོར་ཞིག་གི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་། ཞོར་དུ་ཨ་མེ་རི་ཁ་རང་སྟེང་གི་ཁེ་ཕན་ལའང་སྲུང་སྐྱོབ་བྱེད་པ་ཡིན་པས། ཡོ་རོབ་གླིང་གིས་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་འགོག་སྲུང་ཐུན་མོང་ཚོགས་པ་དང་ཐུན་མོང་གི་ཉིང་རྡུལ་སྲུང་སྐྱོབ་མ་ལག་ལ་རྒྱབ་བརྟེན་བྱེད་པར་ཡང་རྒྱུ་མཚན་ཡང་དག་ཡོད་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། འགོག་སྲུང་ཐད་ནས་ཡོ་རོབ་གླིང་གིས་འཇམ་འཐབ་དུས་སྐབས་ལས་ལྷག་པའི་ལས་འགན་ཁུར་དགོས་ཀྱང་། གལ་ཏེ་ཨ་མེ་རི་ཁས་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་ཆེན་མོའི་འགན་འཁྲི་བསྐྱུར་ན། ང་ཚོས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་འབྲལེ་བར་ཡང་བསྐྱར་རྩ་བའི་རང་བཞིན་ལྡན་པའི་བསམ་གཞིགས་མི་གཏོང་ཐབས་མེད་རེད་ཟེར། 

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་གྱིས་རྒྱལ་སྲུང་སྔོན་རྩིས་ཇེ་མང་དུ་གཏོང་དགོས་པ་དང་། ཉེ་བའི་ལོ་འགའི་རིང་ལ་སྔོན་རྩིས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད། འཇར་མན་གྱིས་མུ་མཐུད་དུ་སྔོན་རྩིས་ཇེ་མང་དུ་བཏང་ནས་དམག་དོན་ནུས་པ་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར། 

ཟླ་འདིའི་ཚེས་བཅོ་ལྔ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ཇེ་ཉུང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། འཇར་མན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་གྲོན་དངུལ་ཁྲོད་འགྲོ་སོང་འདང་ཚིམས་པ་བཏང་མེད་པར་སྐྱོན་འཛུགས་བྱས། ཆོད་དོན་དེར་འཇར་མན་ཆབ་སྲིད་ལས་རིགས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད། དབྱེ་ཞིབ་མི་སྣ་མི་ཉུང་བས་བལྟས་ན། དེ་ནི་ཨ་མེ་རི་ཁ་དང་འཇར་མན་སོགས་སྲོལ་རྒྱུན་གྱི་ཡོ་རོབ་གླིང་གི་མནའ་མཐུན་གྲོགས་པོའི་འབྲེལ་བར་ཉམས་དམས་འབྱུང་བཞིན་པའི་བརྡ་རྟགས་ཤིག་ཡིན་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།