ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ་གཉིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ། ཧཱ་མཱ་སིའི་ཅཱ་ཧྲའི་ལྷོ་ངོས་ཀྱི་མེ་ཤུགས་འཕུར་མདའི་བཟོ་གྲྭའི་འཁོར་ཁང་ཞིག་དང་མཚོན་ཆ་བཟོ་བྱེད་ཀྱི་སྒྲིག་ཆས་ལ་ཆམ་ཕབ་བཏང་ཡོད་ཟེར། 

ད་ལོའི་ཟླ་བཞི་བར་དབྱི་སི་རལ་གྱི་ཙུང་ཐུང་ནེ་ཐཱ་ནི་ཡཱ་ཧུའུ་དང་དབུ་མའི་ཏང་ཁག་སྔོ་དཀར་ཏང་གི་མགོ་ཁྲིད་པ་ཀན་ཚི་གཉིས་ཀྱིས་མཉམ་འབྲེལ་སྲིད་གཞུང་གི་གྲོས་མཐུན་བཀོད། གྲོས་མཐུན་དེ་ལྟར་ན། དབྱི་སི་རལ་གྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཨ་མེ་རི་ཁའི་དབུས་ཤར་ཞི་བདེའི་འཆར་གཞི་གསར་བའི་འོག་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་བདག་དབང་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེར་འབྲེལ་གྱི་ས་ཞིང་རྒྱ་ཁྱོན་གྱིས་ཧ་ལམ་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་བརྒྱ་ཆའི་སུམ་ཅུ་ཟིན་ཡོད། གྲོས་མཐུན་བཀོད་པའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། 

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། ཧཱ་མཱ་སི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། དབྱི་སི་རལ་གྱི་འཆར་གཞི་དེ་ནི་ཕཱ་ལེ་སི་ཐན་མི་དམངས་ལ་མཚོན་ན་འཐབ་འཁྲུག་གི་བསྒྲགས་གཏམ་ལྟ་བུ་རེད་ཟེར། དེའི་ལན་དུ་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཀན་ཚི་ཡིས་བསྟན་དོན། དབྱི་སི་རལ་གྱིས་འཇིགས་ཉེན་དང་ལེན་བྱེད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།