ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་སྲུང་སྐྱོབ་མཁན་དང་བྱས་རྗེས་འཇོག་མཁན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། རྒྱལ་ཁབ་དང་མི་དམངས་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་སྲུང་སྐྱོབ་མཁན་དང་བྱས་རྗེས་འཇོག་མཁན་དུ་འགྱུར་དགོས་པ་དང་། མིའི་རིགས་ཀྱི་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར། 

ཉིན་དེར་ཀྲང་ཅོན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཚན་ཆུང་གི་ཀྲུའུ་ཞི་ཡིན་པའི་ཆ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བཀོད་ནས་ལོ་ངོ་དོན་ལྔ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་ཀྲུའུ་ཞི་པན་ཏིས་ཀྱིས་མགོ་འཛིན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་སྤྱིའི་ཁྲིམས་ཁང་གི་མགོ་བ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ས་ཁུལ་སོ་སོའི་རྩ་འཛུགས་ཀྱི་ཀྲུའུ་ཞི་བཅས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་སྤེལ། 

ཀྲང་ཅོན་གྱིས་བསྟན་དོན། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བཀོད་ནས་ལོ་ངོ་དོན་ལྔ་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ཀྱི་དམ་བཅའ་བསྐྱར་སྒྲོག་བྱེད་པའི་གོ་སྐབས་ཆེས་བཟང་བོ་ཞིག་རེད། ལོ་ངོ་དོན་ལྔའི་ཡར་སྔོན་གྱི་དེ་རིང་། རྒྱལ་ཁབ་ལྔ་བཅུའི་འཐུས་མི་དག་ཅིག་ཅིན་ཧྲན་དུ་འཛོམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་སྟེང་མིང་བཀོད་དེ། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་བ་བྲིས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བཀོད་རྗེས་དེ་ནི་རྒྱལ་སྤྱིའི་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་པའི་སྒྲིག་ཡིག་ཅིག་ཡིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱོགས་མང་རིང་ལུགས་ཀྱི་རྨང་རྡོ་ལྟ་བུ་ཡིན། དེ་ལས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཙུགས་པ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་གི་ཡོངས་ཁྱབ་རྩ་དོན་འཕེལ་རྒྱས་སུ་བཏང་ཡོད། 

ཀྲང་ཅོན་གྱིས་བསྟན་དོན། ང་ཚོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་ཁེ་ཕན་མྱོང་མཁན་ཡིན། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་མ་ལག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྨང་གཞིའི་སྟེང་འཁོར་བསྐྱོད་བྱེད་པ་དང་། འཕེལ་རྒྱས་ལ་འཚམ་པའི་རྒྱལ་སྤྱིའི་ཁོར་ཡུག་གསར་སྐྲུན་བྱས་ཏེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་སྒུལ་ཤུགས་སུ་གྱུར་ཡོད། ང་ཚོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་བྱས་རྗེས་འཇོག་མཁན་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་ཆེན་པོ་བཞི་དང་རྩ་དོན་སྣ་བདུན་སྲུང་འཛིན་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་འོས་འགན་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་མངོན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཉིང་བཅུད་དམ་འཛིན་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་པར་འབད་འབུངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཀྲང་ཅོན་གྱིས་ནན་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་མིའི་རིགས་ཀྱི་ལས་སྐལ་དམ་དུ་འབྲེལ་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཀའ་སྡུག་མཉམ་མྱོང་བྱེད་དགོས་པ་གསལ་བཤད་བྱས་ཡོད། ད་ལྟའི་དུས་རབས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ཀྱི་འབོད་པ་གཏོང་བཞིན་ཡོད། དེ་ལྟར་བྱས་ན་ང་ཚོ་ད་གཟོད་ནད་དུག་ལས་རྣམ་པར་རྒྱལ་ནས་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱེད་ཐུབ། ང་ཚོས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་སྙིང་སྟོབས་སྲུང་འཛིན་བྱས་ཏེ། ང་ཚོར་ཐོབ་འདོད་པའི་མ་འོངས་པ་དང་ང་ཚོར་མཁོ་བའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་མཉམ་འཛུགས་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།