ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་གང་མགྱོགས་ངང་འཚོག་རྒྱུའི་རེ་བ་ཡོད་ཅེས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅོ་བརྒྱད་ཉིན། ཨུ་རུ་སུའི་ཙུང་ཐུང་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལྟར་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་གང་མགྱོགས་ངང་འཚོག་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག།

སྤྱི་བསྒྲགས་ལས་བསྟན་དོན། ཕུའུ་ཅིན་གྱིས་ཨ་མེ་རི་ཁའི《རྒྱལ་ཁབ་ཀྱི་ཁེ་ཕན》དུས་དེབ་ཐོག་མིང་བཀོད་རྩོམ་ཡིག་སྤེལ་ནས།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་འཚོག་རྒྱུའི་སྐོར་གྱི་ཨུ་རུ་སུའི་གྲོས་འགོར། ཨ་མེ་རི་ཁ་དང་ཀྲུང་གོ དབྱིན་ཇི། ཧྥ་རན་སི་སོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གཞན་དག་གི་རྒྱབ་སྐྱོར་མགྲིན་གཅིག་ཏུ་ཐོབ་ཡོད་ཅིང་། ཨུ་རུ་སུས་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་ཀྱིས་ དེང་སྐབས་འཛམ་གླིང་ལ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་བྱ་ཐབས་འཚོལ་རྒྱུར་ཕན་པ་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ཟེར།

ཕུའུ་ཅིང་གིས་བཤད་རྒྱུར། ཨུ་རུ་སུས་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་གང་མགྱོགས་ངང་འཚོག་ནས། ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ལྔ་པོས་ཕན་ཚུན་ཡིད་ཆེས་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད་ལ། དེ་མིན་ད་དུང་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་བདེ་ལེགས་ངང་བསྡུ་བར་འགན་ལེན་བྱས་པ་ཡིན་ན། དེས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་སྲ་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ཟེར།

ཕུའུ་ཅིང་གིས་བཤད་རྒྱུར། རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གལ་ཆེན་ཞིག་ནི་འཛམ་གླིང་གི་དཔལ་འབྱོར་གནས་བབ་རེད། རིམས་ནད་ལ་ཁ་གཏད་གཅོག་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་སྲུང་སྐྱོབ་བྱ་ཆེད། འཛམ་གླིང་རྒྱལ་ཁབ་ཁག་གིས་སྔར་བྱུང་མ་མྱོང་པའི་བྱེད་ཐབས་སྤྱད་ཡོད། རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅིང་། འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ན་མ་གཏོགས་འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་ཉམས་རྒུད་དུ་འགྲོ་བའི་ཉམས་ཉེན་ལས་སྒྲོལ་མི་ཐུབ་ཟེར།

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཕུའུ་ཅིན་འཛམ་གླིང་དམར་གསོད་ཆེན་མོའི་གླེང་སྟེགས་སྐབས་ལྔ་པར་ཞུགས་སྐབས། ཨུ་རུ་སུས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལྔའི་མཐོ་རིམ་གྲོས་ཚོགས་གང་མགྱོགས་ངང་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།