ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཁི་ཝེ་ཐི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གི་ཉམས་མྱོང་བརྗེ་རེས་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཁི་ཝེ་ཐི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གི་ཉམས་མྱོང་བརྗེ་རེས་བརྙན་རིས་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་བསྡུས་པ་དང་། ཕྱོགས་གཉིས་ཀྱིས་དམག་དཔུང་གཉིས་རིམས་འགོག་བྱ་བར་ཞུགས་པའི་འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྗེ་རེས་བྱས། 

གྲོས་ཚོགས་དེར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དཔུང་མཁོ་སྒྲུབ་འགན་སྲུང་་པུའུ་འཕྲོད་བསྟེན་ཅུའུ་ཡིས་མགོ་འཛིན་བྱས་ཤིང་། ཁི་ཝེ་ཐིའི་རྒྱལ་སྲུང་པུའུ་འཕྲོད་བསྟེན་ཅུའུ་དང་ཁི་ཝེ་ཐིའི་དམག་གསུམ་སྤྱིའི་སྨན་ཁང་གི་འབྲེལ་ཡོད་མགོ་ཁྲིད་པ། དེ་མིན་ནད་ཐོག་དང་ཞིབ་བཤེར་ཚད་འཇལ། རིམས་འགོག་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ཕྱོགས་ཀྱི་ཆེད་མཁས་པས་གཙོ་བོ་པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཀྱི་འགོག་བཅོས་བྱེད་ཐབས་དང་པྲོག་དབྱིབས་ནད་དུག་གསར་བའི་སྨན་ཁང་ནང་གི་འགོག་སྲུང་བྱེད་ཐབས་སོགས་མཚམས་སྦྱོར་བྱས། ཕྱོགས་གཉིས་ཀྱི་ཆེད་མཁས་པས་ད་རུང་རིམས་ནད་འགོག་སྲུང་དང་ནད་བརྟག་ཞིབ་བཤེར། ནད་ཐོག་གསོ་བཅོས། འགོག་སྨན་གསར་སྤེལ་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་བྱས། ཁི་ཝེ་ཐིའི་ཕྱོགས་ཀྱིས་བཏོན་པའི་གནད་དོན་ཐད་ནས་ཀྲུང་གོའི་སྨན་བཅོས་ཆེད་མཁས་པས་སོ་སོར་འགྲེལ་བརྗོད་བྱས། 

ཁི་ཝེ་ཐི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་རྒྱལ་སྲུང་དྲག་དཔོན་ཞོས་ཁྲོན་ལའེ་ཡིས་ཚོགས་ཐོག་ནས་བསྟན་དོན། རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཁི་ཝེ་ཐི་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་འདེགས་བྱས་ཏེ་རིམས་ནད་འགོག་སྲུང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཆུ་ཚད་མངོན་པར་བྱས། ཐེངས་འདིའི་བརྙན་རིས་གྲོས་ཚོགས་ནི་དམག་དཔུང་གཉིས་ཀྱི་རིམས་འགོག་མཉམ་ལས་ཀྱི་འགུལ་སྐྱོད་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྣང་ཚུལ་གསར་བ་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ཁི་ཝེ་ཐི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གསོ་བཅོས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་དྲག་ཏུ་བཏང་ནས། གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་ལྷག་པ་ཐོབ་པའི་སྨོན་འདུན་སྙིང་ནས་ཞུ་བཞིན་ཡོད་ཟེར། 

ཁི་ཝེ་ཐི་ཡིས་ཀྲུང་གོའི་དམག་དཔུང་རིམས་ནད་འགོག་སྲུང་ཁྲོད་ཞུགས་ནས་གྲུབ་འབྲས་ཆེན་པོ་བླངས་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་དུས་ལྟར་རིམས་འགོག་གསོ་བཅོས་ཉམས་མྱོང་མཉམ་སྤྱོད་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།