ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་ལམ་ཚོགས་འདུར་གཙོ་སྐྱོང་གནང་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཁྱབ་བསྒྲགས་བྱས་དོན། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་བརྙན་ལམ་ཚོགས་འདུ་ཟླ6པའི་ཚེས18ཉིན་འཚོག་རྒྱུ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“‘རྒྱུད་གཅིག་ལམ་གཅིག’རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་དུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པར་འགོག་རྒོལ་བྱེད་དགོས”ཞེས་པ་དེ་ཡིན་ལ། ཚོགས་འདུར་རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་གཙོ་སྐྱོང་གནང་རྒྱུ་དང་རྒྱལ་ཁབ25ཡི་ཕྱི་འབྲེལ་པུའུ་ཀྲང་ངམ་ཡང་ན་པུའུ་ཀྲང་རིམ་པའི་དཔོན་རིགས་དང་དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་རྒྱུ་རེད།

ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་མཉམ་བསྒྲུབ་བྱ་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐུན་མོང་གི་ངོས་ཟིན་ལ་དོན་འཁྱོལ་བྱ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླས་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་རྒྱུ། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ཉམས་མྱོང་བརྗེ་རེས་དང་སྲིད་ཇུས་མཐུན་སྦྱོར་བྱེད་རྒྱུ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།