ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཙུང་ལི་ཡིས་ཀྲུང་གོའི་རིམས་འགོག་གསོ་བཅོས་ཆེད་མཁས་ཚན་ཆུང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་བཅུ་གཅིག་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཀྲུང་གོའི་རིམས་འགོག་གསོ་བཅོས་ཆེད་མཁས་ཚན་ཆུང་ལ་ཐུག་འཕྲད་བྱས་པ་དང་། ཀྲུང་གགོའི་ཆེད་མཁས་ཚན་ཆུང་དཀའ་ཁག་ལ་མ་འཛེམ་པར་ཕཱ་ལེ་སི་ཐན་དུ་ཡོང་ནས་རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་མཉམ་མྱོང་དང་དཀའ་ཁག་མཉམ་སེལ་བྱེད་པའི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་བྱས་པར་གཟེངས་བསྟོད་བྱས། 

ཨ་ཧྲི་ཐིས་ཡེ་ཡིས་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པ་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཀྲུང་གོའི་ཆེད་མཁས་ཚན་ཆུང་ཕཱ་ལེ་སི་ཐན་དུ་ཡོང་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་བརྗེ་རེས་མཉམ་ལས་སྤེལ་བར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ནི་ཆེས་ཐོག་མར་ཕཱ་ལེ་སི་ཐན་གྱི་མི་དམངས་ཀྱི་དྲང་བདེན་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། ཆེས་ཐོག་མར་ཕཱ་ལེ་སི་ཐན་ལ་རིམས་འགོག་མཁོ་དངོས་འདོན་སྤྲོད་བྱས་པ་དང་སྨན་བཅོས་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་པའི་རྒྱལ་ཁབ་ཀྱང་ཡིན། དེ་ལས་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཡིད་ཆེས་དང་མཉམ་ལས་མངོན་པར་མཚོན་ཡོད་ཟེར། 

ཨ་ཧྲི་ཐིས་ཡེ་ཡིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་བཟང་བོར་སློབ་སྦྱོང་གང་ལེགས་བྱེད་ངེས་ཡིན། ཆེད་མཁས་ཚན་ཆུང་གིས་འཚམས་འདྲི་བྱེད་པའི་གོ་སྐབས་དང་བསྟུན་ནས་ཕཱ་ལེ་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། མཉམ་དུ་རྒྱལ་སྤྱིའི་རིམས་འགོག་ཐད་བྱས་རྗེས་འཇོག་པའི་རེ་བ་ཡོད་ཟེར། 

ཆེད་མཁས་ཚན་ཆུང་གི་ཚན་གཙོ་ཧུའུ་ཕིན་གྱིས་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རིམས་འགོག་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོར་གདེང་འཇོག་གང་ལེགས་བྱས་ཤིང་། ནད་དུག་ལ་རིགས་རྒྱུད་ཀྱི་ཁྱད་པར་མེད་པ་དང་རིམས་ནད་ལ་རྒྱལ་ཁབ་ཀྱི་དབྱེ་མཚམས་མེད་པས། ཀྲུང་གོའི་ཆེད་མཁས་པ་དག་གིས་རང་ནུས་ཅི་ལྕོགས་ཀྱིས་ཕཱ་ལེ་སི་ཐན་གྱི་དཀའ་ཁག་དང་དོགས་གཞི་སེལ་ནས། མཉམ་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བར་བརྩོན་འདོད་ཡོད་ཟེར། 

ཕཱ་ལེ་སི་ཐན་དུ་མངག་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཆུང་ཚེས་བཅུ་ཉིན་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་འབྱོར་བ་རེད། ཆེད་མཁས་ཚན་ཆུང་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་དང་། ཆེད་མཁས་པ་བཅུ་ནི་ཁྲོང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མངག་པ་ཡིན་ལ། ཆེད་ལས་ཁྱབ་ཁོངས་ནི་དབུགས་ལམ་དང་ཕྱི་ནད་ཚན་ཁག ཞིབ་བཤེར། གཉན་ཚད། ཀྲུང་ལུགས་གསོ་རིག འགོ་ནད། ནད་གཡོག་བཅས་ལ་འབྲེལ་ཡོད། ཆེད་མཁས་ཚན་ཆུང་གིས་གཟའ་འཁོར་གཅིག་གི་ཡུན་ལ་ཕཱ་ལེ་སི་ཐན་ནས་རིམས་འགོག་དང་འབྲེལ་བའི་བྱ་བ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།