ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ལི་པུ་ཡཱ་དང་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་ཉིན་ཁ་པར་བརྒྱུད་དེ། ལི་པུ་ཡཱ་དང་སི་རི་ཡཱའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་ལི་པུ་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་དེའི་མངའ་ཁོངས་སུ་གཞི་རྒྱ་ཆེ་བའི་དྲག་ཆས་འཁྲུག་རྩོད་བྱུང་ནས་མི་སྣར་ཤི་རྨས་བྱུང་བར་སེམས་ཁུར་བྱེད་བཞིན་ཡོད། ཕུའུ་ཅིན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་གཉིས་ལྔ་གཅིག་ཐིག་དང་ཆབ་སྲིད་དང་ཕྱི་འབྲེལ་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་འབྲེལ་ཡོད་གྲོས་གཞིའི་རྨང་གཞིའི་སྟེང་། གང་མགྱོགས་སྒོས་ལི་པུ་ཡཱའི་འཁྲུག་རྩོད་མཚམས་འཇོག་པ་དང་ནང་ཁུལ་གྱི་གྲོས་མོལ་སླར་གསོ་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་བཀོད་པའི་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་ཨུ་རུ་སི་དང་ཐུར་ཁེའི་མགོ་ཁྲིད་པས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར་སོ་ཆི་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་དགོས་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱི་མིག་སྔའི་ལས་འགན་གཙོ་བོ་ནི་འཁྲུག་རྩོད་མཚམས་འཇོག་པའི་ལག་བསྟར་གནས་ཚུལ་ལ་ལྟ་རྟོག་དང་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་པ་དེ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་ཐད་ནས་ཕན་ཚུན་རྟེན་འབྲེལ་ཞུས་པ་དང་། ཐུན་མོང་དུ་གཉིས་ཕན་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འདོད་བློ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་རིམས་འགོག་རོགས་ལས་བྱེད་པའི་ཐད་ནས་གྲོས་མོལ་བྱས་ཏེ། རིམ་བཞིན་བཀག་འགོག་བྱེད་ཐབས་མེད་པར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་འབྲེལ་བ་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། མུ་མཐུད་དུ་རྣམ་པ་མང་བོའི་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་པ་ནན་བཤད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།