ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་ཡིས་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བརྒྱད་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་དུས་བཅད་ལྟར་ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་དང་ཁ་པར་གྲོས་མོལ་མཛད། 

ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཁུ་པཱ་ཡིས་ཀྲུང་གོསའཛམ་གླིང་ཡོངས་ཀྱི་རིམས་འགོག་མཉམ་ལས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་པར་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་ཁུ་པཱ་དང་ལཱ་ཏེན་མེ་གླིང་གི་རིམས་ནད་འགོག་རྒོལ་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ད་ལོ་ནི་ཁུ་པཱ་དང་ཀྲུང་གོ། ལཱ་ཏེན་མེ་གླིང་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་པས། ང་ཚོས་ལག་རྡང་སྦྲེལ་ནས་ལོ་གལ་ཆེན་འདིར་རྗེས་དྲན་བྱེད་དགོས། ཁུ་པཱ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར། ལོ་ཏི་ལི་ཀི་སི་ཡིས་ཁུ་པཱའི་ཁོ་ལོམ་པུ་ཡཱའི་ཞི་བདེའི་འཕེལ་རིམ་ཐད་ཀྱི་ལངས་ཕྱོགས་མཚམས་སྦྱོར་བྱས་པ་དང་། ཨ་མེ་རི་ཁས་ཁུ་པཱ་རྒྱལ་ཁབ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཐད་ནས་མཉམ་ལས་མི་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་པར་ངོ་རྒོལ་བྱས། 

ཝང་དབྱེ་ཡིས་བཤད་རྒྱུར། ཐེངས་འདིའི་རིམས་ནད་ཀྱི་ཉམས་སད་ཆེན་མོའི་ཁྲོད། ཀྲུང་གོ་དང་ཁུ་པཱ་ཕྱོགས་གཉིས་ཀྱིས་གྲུབ་འབྲས་བཟང་བོ་བླངས་ཡོད། རིམས་ནད་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་ཐུབ་པ་དང་། ཀྲུང་གོ་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཀྱང་རང་རང་གི་རྒྱལ་ཁབ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཁུ་པཱས་མཐུན་སྒྲིལ་བྱས་ཏེ་རིམས་འགོག་བྱེད་པ་ནི་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་བཟང་བོ་ཞིག་ཡིན། ང་ཚོས་དེ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་དང་ཁུ་པཱའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཝང་དབྱེ་ཡིས་བསྟན་དོན། ལོ་མང་བོའི་རིང་ལ། ཁུ་པཱ་རྒྱལ་ཁབ་ཀྱིས་ཁོ་ལོམ་པུ་ཡཱའི་ཞི་བདེའི་འཕེལ་རིམ་ཐད་སྟོབས་ཤུགས་ཆེན་པོ་དང་ནུས་པ་གལ་ཆེན་བཏོན་ཡོད། ཁོ་ལོམ་པུ་ཡཱའི་ཞི་བདེའི་གྲོས་རིམ་ནི་ཕྱོགས་མང་བོས་མཉམ་དུ་འབད་བརྩོན་བྱས་པའི་མཇུག་འབྲས་ཐོབ་དཀའ་བ་ཞིག་ཡིན་པས། ཁོ་ལོམ་པུ་ཡཱ་དང་ཁུ་པཱ་སོགས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་དག་གིས་ལོ་རྒྱུས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་སྟེ། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཁུ་པཱ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་ཏེ། ཁུ་པཱའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ལོ་ཏི་ལི་ཀི་སི་ཡིས་ཀྲུང་གོའི་ལངས་ཕྱོགས་ལ་བཀའ་དྲིན་ཞུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།