ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་གནས་སྐབས་རིང་རྒྱལ་དམངས་ཉེན་རྟོག་རུ་ཁག་ལ་ཚོད་འཛིན་བྱེད་ཐབས་མི་སྤྱོད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལུའོ་པོ་ཐེ·ཨའོ་པུའུ་ལའེ་ཨེན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར།ཙུང་ཐུང་ཐི་ལང་ཕུའུ་ཡིས་གནས་སྐབས་དམིགས་བསལ་བྱེད་ཐབས་སྤྱད་དེ་རྒྱལ་དམངས་ཉེན་རྟོག་རུ་ཁག་ལ་ཚོད་འཛིན་བྱེད་རྒྱུ་མིན་ཟེར།

མི་རྒྱུད་ནག་པོའི་སྐྱེས་པ་ཆའོ་ཀྲི· ཧྥུ་ལོ་དབྱི་ཏེར་མི་རྒྱུད་དཀར་པོའི་ཉེན་རྟོག་པས་གཏུམ་སྤྱོད་ཁྲིམས་འཛིན་བྱས་རྗེས་རྐྱེན་ལམ་དུ་ཤོར་ནས་རྔམ་སྟོན་ཁྲོམ་སྐོར་མང་པོ་བྱས། ཚབས་ཆེ་བའི་ས་ཁུལ་དུ་རྡུང་གཅོག་འཕྲོག་སྲེག་གི་དོན་རྐྱེན་བྱུང་ཞིང་། ཨ་མེ་རི་ཁའི་མངའ་སྡེ་མང་པོ་དང་རྒྱལ་ས་ཝ་ཧྲིན་ཏོན་གྱིས་རྒྱལ་དམངས་ཉེན་སྲུང་རུ་ཁག་སྐུལ་སློང་བྱས་ཏེ་བདེ་སྲུང་ལ་རམ་འདེགས་བྱས།

ཨའོ་པུའུ་ལའེ་ཨེན་གྱིས་ཕོ་བྲང་དཀར་པོའི་ནང་གསར་འགོད་པར་བཤད་རྒྱུར།“སྐབས་འདིར་ང་ཚོས་རྒྱལ་དམངས་ཉེན་རྟོག་རུ་ཁག་རྒྱལ་ཕྲན་མཉམ་འབྲེལ་ཅན་དུ་བསྒྱུར་རྩིས་མེད། འོན་ཀྱང་གལ་ཏེ་དགོས་མཁོ་བྱུང་ཚེ། ང་ཚོས་ད་དུང་དམག་དོན་མི་སྣ་སྔར་ལས་མང་པོ་བཀོད་སྒྲིག་བྱས་ཆོག ང་ཚོས་མངའ་སྡེ་སོ་སོའི་དཔོན་པོ་དང་གྲོང་ཁྱེར་གྱི་འགོ་གཙོས་སོ་སོའི་གྲོང་ཁྱེར་གྱི་དགོས་མཁོར་ཚོད་འཛིན་བྱེད་པར་འབོད་སྐུལ་གཏོང་གི་ཡིན་ཟེར།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་དོན། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་དགོང་མོར། རྔམ་སྟོན་པ་བརྒྱ་ལྷག་ཕོ་བྲང་དཀར་པོའི་སྲིད་འཛིན་ཐོག་ཁང་གི་ཕྱི་རོལ་ནས་འདུས་ཏེ། མི་ཁ་ཤས་ཀྱིས་རྡོ་འཕངས་པ་དང་་ཉེན་མཚམས་ལས་བརྒལ་བར་མ་ཟད། དམིགས་བསལ་ལས་དོན་ཁྲུའུ་ཡིས་སྐབས་ཤིག་རིང་ཙུང་ཐུང་ཐི་ལང་ཕུའུ་ཕོ་བྲང་དཀར་པོའི་ས་འོག་བཙན་རྫོང་ནང་དུ་བསྐྱལ་ཟེར་།

ཕོ་བྲང་དཀར་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་མཐུན་ཏང་མི་ཞིག་གིས་བཤད་པ་ལྟར་ན། ཐི་ལང་ཕུའུ་བཙན་རྫོང་ནང་ཆུ་ཚོད་གཅིག་ཙམ་རིང་བསྡད་ཟེར། སྤྱི་མཐུན་ཏང་མི་དེས། ཙུང་ཐུང་དང་ཁོའི་ནང་མི་ཚོ་མི་ཚོགས་ཀྱི་གཞི་ཁྱོན་དང་སྡང་སེམས་ལ་ཧང་སངས་ཀྱི་འདུག་ཅེས་བཤད། ལྕམ་མོ་མེ་ལ་ཉི་ཡ་དང་ཁོང་གཉིས་ཀྱི་བུ་པ་ལུན་མཉམ་དུ་བཙན་རྫོང་དུ་གབ་ཡོད་མེད་ད་དུང་གསལ་པོ་ཤེས་ཀྱི་མེད་ཟེར།

རྒྱལ་དམངས་ཉེན་སྲུང་རུ་ཁག་གིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། རུ་མི5000ཙམ་གྱིས་མངའ་སྡེ་བཅོ་ལྔ་དང་ཝ་ཧྲིན་ཏོན་དུ་བྱ་སྤྱོད་སྤེལ་འགོ་ཚུགས་མོད། འོན་ཀྱང་བདེ་འཇགས་ཀྱི་དུས་བབ་ལ་སྔར་བཞིན་མངའ་སྡེ་དང་ས་གནས་ཁྲིམས་འཛིན་སྡེ་ཚན་གྱིས་འགན་འཁུར་དགོས་ཀྱི་ཡོད།རྒྱལ་དམངས་ཉེན་སྲུང་རུ་ཁག་དེ་ཨ་མེ་རི་ཁའི་དམག་དཔུང་གི་གྲ་སྒྲིག་དམག་ཞབས་ཀྱི་གྲུབ་ཆའི་གྲས་ཤིག་ཡིན་པའི་ངོས་ནས།དུས་རྒྱུན་མངའ་སྡེ་སོ་སོའི་སྲིད་གཞུང་གིས་བཀོད་འདོམས་བྱེད་ཀྱི་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།