ཨུ་རུ་སི་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་དྲ་ཚིགས་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ཚེས་ཉི་ཤུའི་ཉིན་ཁ་པར་བརྒྱུད་དེ། སི་རི་ཡཱ་དང་ལི་པུ་ཡཱ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ་ཕྱོགས་ཡོངས་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པའི་རོགས་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་འདོད་ཡོད་པར་མ་ཟད། ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་འགན་སྲུང་རྒྱལ་ཁབ་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གི་འབྲེལ་ཡོད་གྲོས་མཐུན་ཁྲོད་ཀྱི་ཁས་ལེན་དམ་བཅའ་བསྐྱར་སྒྲོག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་ཏི་ཧེ་ལན་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཟླ་གསུམ་པའི་ཚེས་ལྔ་ཉིན་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་འཁྲུག་རྩོད་ཞི་འཇགས་ས་ཁུལ་ཐད་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་རྒྱུ་ཡིན། དེའི་ནང་ས་ཁུལ་དེར་འགུལ་སྐྱོད་བྱེད་པའི་འཇིགས་སྐུལ་རྩ་འཛུགས་ཚར་གཅོད་བྱེད་པའང་འདུས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མིག་སྔའི་ལི་པུ་ཡཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཏེ། ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་ཁྲིད་སླར་གསོ་བྱེད་པ། ལི་པུ་ཡཱའི་འབྲེལ་ཡོད་ཕྱོགས་ཁག་དེའི་ཆབ་སྲིད་འཕེལ་རིམ་ནས་འཇོག་དགོས་པ་ནན་བཤད་བྱས་པར་མ་ཟད། ལི་པུ་ཡཱའི་གནད་དོན་གྱི་པའོ་ལིན་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་དང་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་དང་ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།