ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་གྲོས་ཁང་ནས་ཝུའུ་ཙི་པེ་ཁི་སི་ཐན་ལྟ་ཞིབ་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོས་ཁང་གོང་མས་ཚེས་བཅུ་གཅིག་ཉིན་ཝུའུ་ཙི་པེ་ཁི་སི་ཐན་ལྟ་ཞིབ་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་དེ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་གིས་མིང་བཀོད་རྗེས་དངོས་སུ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ལ་སྤྲོད་རྒྱུ་རེད། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོས་ཁང་གོང་མ་ནས་ཉིན་དེར་འདེམ་ཤོག་དོན་གཅིག་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅུ་དྲུག་གིས་ངོ་རྒོལ་བྱེད་པ། འདེམ་ཤོག་བཞི་ཡིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་རེད། གྲོས་ཁང་གོང་མའི་ཀྲུའུ་ཞི་ནཱ་ཨར་པཱ་ཡེ་ཝ་ཡིས་བསྟན་དོན། རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་འབྲེལ་བའི་གྲོས་གཞི་གཙོ་བོར་ལོ་ངོ་གཉིས་རིང་གྲོས་བསྡུར་བྱས་ཡོད་ཟེར། 

ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་བཙུགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཨ་པུའུ་ཁཱ་སི་མའོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ལྟ་ཞིབ་རྒྱལ་ཁབ་ཀྱི་ཐོབ་ཐང་གིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ནང་ཞུགས་ན་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་ཐུབ་པ་དང་། སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་གཏོང་ཐུབ་ལ། རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་གི་ཚད་རྒྱ་བསྐྱེད་ཐུབ་པར་མ་ཟད། ཝུའུ་ཙི་པེ་ཁི་སི་ཐན་གྱི་སྤྱི་དམངས་ལ་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ལས་ཞུགས་གོ་སྐབས་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་ཐུབ་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།