ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་དབྱིན་གྱིས་ཧན་གོའི་རིམས་འགོག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་ལྔ་བའི་ཚེས་བཅུ་ཉིན། ཧན་གོའི་ཧྲིག་ཨར་གྱི་ཆིན་ཝ་ཐེ་ནས། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་ལས་འགན་ཁུར་ནས་ལོ་ངོ་གསུམ་འགོར་བའི་དམིགས་བསལ་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་ཚེས་བཅུ་ཉིན་ལས་འགན་ཁུར་ནས་ལོ་ངོ་གསུམ་འགོར་བའི་དམིགས་བསལ་གཏམ་བཤད་སྤེལ་སྐབས་བསྟན་དོན། ཧན་གོའི་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་མ་ལག་འཐུས་ཚང་དུ་བཏང་སྟེ། འགོ་ནད་ཀྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། 

ཝུན་ཙེ་དབྱིན་གྱིས་ཁྱབ་སྒྲོག་བྱས་དོན། རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འགན་ཁུར་བའི་རིམས་ནད་དོ་དམ་པུའུ་དེ་རིམས་ནད་དོ་དམ་ཐིན་དུ་རིམ་འཕར་བྱས་ནས་ཆེད་ལས་རང་བཞིན་དང་སྒེར་ཚུགས་རང་བཞིན་ཇེ་དྲག་ཏུ་གཏོང་རྒྱུ་ཡིན། སྲིད་གཞུང་གིས་ད་རུང་ཆེད་ལས་ཤེས་ལྡན་མི་སྣ་ཇེ་མང་དུ་བཏང་སྟེ་ས་གནས་ཀྱི་རིམས་ནད་དོ་དམ་རྐྱེན་སྲོལ་བཙུགས་ནས་ས་ཁུལ་སོ་སོའི་ཆད་ལྷག་སྟོབས་ཤུགས་ཁ་གསབ་བྱེད་རྒྱུ་ཡིན་ཟེར། 

ཝུན་ཙེ་དབྱིན་གྱིས་བསྟན་དོན། གལ་ཏེ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་ན། བདེ་སྲུང་ཕན་བདེ་པུའུ་ཡིས་པུའུ་ཀྲང་གཞོན་པའི་ལས་གནས་ཤིག་ཁ་སྣོན་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། འགོ་ནད་ཀྱི་ཆེད་དོན་སྨན་ཁང་དང་རྒྱལ་འཛུགས་འགོ་ནད་ཞིབ་འཇུག་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། མིག་སྔར་རིམས་འགོག་འདུ་ཤེས་ཇེ་ལྷོད་དུ་གཏོང་མི་རུང་བ་དང་། ཆེད་མཁས་པས་ཚོད་དཔག་བྱས་པའི་ཐེངས་གཉིས་པའི་རིམས་ནད་མཆེད་པའི་གྲ་སྒྲིག་གང་ལེགས་བྱེད་དགོས་ལ། སྲིད་གཞུང་གིས་ཡུན་རིང་འཐབ་རྩོད་བྱེད་པའི་གྲ་སྒྲིག་བྱེད་རྒྱུ་ཡིན་ཟེར། རིམས་ནད་ཤུགས་རྐྱེན་འོག་གི་དཔལ་འབྱོར་སྲིད་ཇུས་གླེང་སྐབས་ཝུན་ཙེ་ཡུན་གྱིས་བཤད་རྒྱུར། སྲིད་གཞུང་གིས་བཀོལ་དུ་རུང་བའི་ཐོན་ཁུངས་དང་སྲིད་ཇུས་གང་རུང་སྤྱད་དེ་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གསོན་ཤུགས་ཡང་བསྐྱར་རྒྱས་པར་རོགས་རམ་དང་ས་གནས་དཔལ་འབྱོར་དེ་ཉམས་རྒུད་ལས་ཐར་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཧན་གོ་ཡིས་རྒྱལ་ཁབ་ཀྱི་ལས་གཞིའི་རྣམ་པས5Gརྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྔ་སྣུར་གྱིས་སྤེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་དམངས་ལས་ཞུགས་ཀྱི་རོགས་སྐྱོར་ལམ་ལུགས་སྔ་མོ་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། དུས་རིམ་ལྟར་གླ་བཀོལ་ཉེན་ཚབ་ཀྱི་ཁེབས་ཚད་ཁྱབ་ཁོངས་རྒྱ་བསྐྱེད་རྒྱུ་ཡིན་ཟེར། 

ཧན་གོའི་རིམས་ནད་དོ་དམ་པུའུ་ཡིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གཞི་གྲངས་ལྟར་ན། ཚེས་བཅུ་ཉིན་བར་ཧན་གོར་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་བརྒྱད་བརྒྱ་དོན་བཞིར་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཉིས་བརྒྱ་དང་ང་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།