ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་བདེ་འཇགས་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ལ་ཁ་པར་བཏང་སྟེ། འཛམ་གླིང་ཡོངས་ཀྱི་བདེ་འཇགས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་གཏོང་སྐབས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། ཨུ་རུ་སི་དང་ཨ་མེ་རི་ཁས་དམག་དཔུང་གི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་འཐབ་ཇུས་འདྲ་མཉམ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡང་བསྐྱར་ཉིས་སྟོང་ཉེར་གཅིག་ལོར་ཡུན་ཚད་ལོངས་པའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་ཡུན་ཚད་ཇེ་རིང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། 

གཞན་ཡང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཕིན་ཕའེ་ཨོ་དང་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཉིན་དེར་ཁ་པར་བརྒྱུད་དེ་དམག་དཔུང་གི་ཚོད་འཛིན་དང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

ཕིན་ཕའེ་ཨོ་ཡིས་དེའི་རྗེས་སུ་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཁ་པར་གཏོང་སྐབས་ཨ་མེ་རི་ཁས་ཨ་མེ་རི་ཁ་དང་དེའི་གྲོགས་པོའི་བདེ་འཇགས་ལ་སྐུལ་འདེད་གཏོང་ཐུབ་པའི་དམག་དཔུང་ཚོད་འཛིན་གྱི་གྲོས་མོལ་ལ་ཞུགས་པར་གྲ་སྒྲིག་བྱེད་བཞིན་པའི་ལངས་ཕྱོགས་བསྟན་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་དཔྱད་ཞིབ་ཆོག་པ་དང་ལག་བསྟར་ཐུབ་པའི་རྐྱེན་སྲོལ་ཅིག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།