ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཞི་རྩའི་འཕྲོད་བསྟེན་ཞབས་ཞུའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། འཛམ་གླིང་ཡོངས་ཀྱིས་ལོ་རེར་འཕྲོད་བསྟེན་ཐད་མེ་སྒོར་ཁྲག་ཁྲིག་ཆེན་མོ་བདུན་དང་ཁྲག་ཁྲིག་ལྔའི་འགྲོ་སོང་གཏོང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་བཅུ་ཙམ་ཟིན་ཡོད། ཡིན་ཡང་ཆེས་བཟང་བའི་དངུལ་གཏོང་ནི་གཞི་རྩའི་འཕྲོད་བསྟེན་བདེ་སྲུང་ཐད་ནས་བདེ་ཐང་དང་རིམས་ནད་སྔོན་འགོག་ལ་སྐུལ་འདེད་གཏོང་བ་དེ་ཡིན་ལ། དེ་ལས་ཚེ་སྲོག་བསྐྱབས་ནས་མ་དངུལ་གྲོན་ཆུང་བྱེད་ཐུབ་ཟེར། 

ཐན་ཏི་སེ་ཡིས་ཉིན་དེར་སྤེལ་བའི་བརྙན་རིས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱིས་མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པ་ས་ཡ་གསུམ་དང་འབུམ་ལྔ་ཡོད་པ་དང་ནད་པ་འབུམ་གཉིས་དང་ཁྲི་ལྔ་ཙམ་རྐྱེན་ལམ་དུ་ཤོར་ཡོད། ཟླ་བཞི་བའི་ཚུན་ལ། འཛམ་གླིང་ཡོངས་སུ་ཆ་སྙོམས་ཉིན་རེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གསར་བྱུང་ནད་པ་ཁྲི་བརྒྱད་ཙམ་སྙན་ཞུ་བྱེད་བཞིན་ཡོད། རིམས་ནད་ཀྱིས་འཛམ་གླིང་ཁྱབ་ཁོངས་སུ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། དེའི་ནང་སྡོད་ཁུལ་གྱི་འཕྲོད་བསྟེན་བདེ་སྲུང་ཞབས་ཞུའང་འདུས་ཡོད་ཟེར། 

ཁོས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། རྒྱ་གྲམ་དམར་པོའི་ཚོགས་པ། ཟླ་གསར་དམར་པོའི་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཉིན་དེར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་འོག རྒྱལ་ཁབ་སོ་སོས་ཇི་ལྟར་སྡོད་ཁུལ་གྱི་འཕྲོད་བསྟེན་བདེ་སྲུང་ཞབས་ཞུའི་ཕྱོགས་སྟོན་སྲུང་འཛིན་བྱེད་པ་ཁྱབ་སྒྲོག་བྱས། དེའི་ནང་འབྲེལ་ཡོད་སྡོད་ཁུལ་རིམ་པའི་གཞི་རྩའི་ཞབས་ཞུ་སྲུང་འཛིན་བྱེད་པ་དང་། སྡོད་ཁུལ་འཕྲོད་བསྟེན་བྱ་བའི་བྱེད་མཁན་གྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཁྲོད་དུ་ནུས་པ་འདོན་སྤེལ་བྱེད་པའི་ཞོར་དུ་དེའི་བདེ་འཇགས་སོགས་ཐད་ཀྱི་དངོས་བཀོལ་གྲོས་གཞིར་འགན་སྲུང་བྱེད་དགོས་ཟེར། 

ཐན་ཏི་སེ་ཡིས་ནན་གྱིས་བསྟན་དོན། མིག་སྔའི་གནས་བབ་ལྟར་ན། ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་ལྔ་ལྷག་ལ་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ཐོབ་ཐུབ་མེད། དེ་ལས་མི་སྒེར་དང་ཁྱིམ་ཚང་། སྡོད་ཁུལ་བཅས་ཀྱི་བདེ་ཐང་ལ་གནོད་པ་བཟོས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ཉེན་ཁ་བཟོས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།