ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་སྨྱུང་གནས་ཟླ་བ་མཇུག་སྒྲིལ་རག་བར་ལས་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་སྲིད་གཞུང་གིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཚོད་འཛིན་བྱེད་ཆེད་སྤྱད་པའི་ལས་མཚམས་འཇོག་པའི་བྱེད་ཐབས་དེ་སྨྱུང་གནས་ཟླ་བ་མཇུག་སྒྲིལ་རག་བར་དུ་ལག་བསྟར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

ཅོར་ཏན་གསར་འགྱུར་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་དང་སྲིད་གཞུང་གི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་ཏཱ་ལའེ་ཡིས་ཉིན་དེར་བཤད་རྒྱུར། ལས་ཀ་སླར་གསོ་བྱས་པའི་སྲིད་གཞུང་གི་སྡེ་ཁག་རེ་འགའ་དང་ལས་རིགས་གཞན་པ་སྐོར་ཞིག་ལས་གཞན། ཅོར་ཏན་གྱི་ལས་ཁུངས་དང་ཁེ་ལས་མང་ཆེ་བས་སྔར་བཞིན་སྨྱུང་གནས་ཟླ་བ་མཇུག་སྒྲིལ་རག་བར་དུ་ལས་མཚམས་འཇོག་རྒྱུ་ཡིན་ཟེར། ལས་ཀ་སླར་གསོ་བྱས་པའི་ལས་ཁུངས་ཀྱིས་ཚད་ཆེན་པོའི་སྒོ་ནས་ལས་བྱེད་མི་སྣའི་ཁ་གྲངས་ཇེ་ཉུང་དུ་གཏོང་བ་དང་། འབྲེལ་ཡོད་ཀྱི་བདེ་འཇགས་རེ་བ་བརྩི་སྲུང་བྱེད་དགོས། སྤྱི་བའི་བདེ་ཐང་ལ་འཇིགས་ཉེན་ཡོད་པའི་ཁེ་ལས་གང་ཡིན་ཡང་མྱུར་དུ་སྒོ་བརྒྱག་དགོས་ཟེར། 

ཁོས་ད་རུང་བསྟན་དོན། ཅོར་ཏན་གྱི་སྤྱི་བའི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་ཚེས་ཉེར་དགུ་ཉིན་ནས་བཟུང་བརྒྱ་ཆའི་ལྔ་བཅུའི་སྐྱེལ་འདྲེན་སླར་གསོ་བྱས་ཏེ་ཐོན་ལས་སླར་གསོ་བྱས་པའི་ཁེ་ལས་ལ་རམ་འདེགས་བྱེད་རྒྱུ་ཡིན་ཟེར། 

སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་སྨྱུང་གནས་སྐབས་ཀྱི་འཚོ་བའི་དགོས་མཁོ་བསྐང་ཆེད། ཅོར་ཏན་གྱིས་ཚེས་ཉེར་དྲུག་ཉིན་རེ་བ་དང་འཚམ་པའི་ཟ་ཁང་ཉིས་བརྒྱ་ལྷག་གིས་ལས་གཉེར་སླར་གསོ་བྱེད་པར་ཆོག་མཆན་བཀོད་ཀྱང་མི་མང་བོ་འཛོམས་པའི་ལས་ཁུངས་ཀྱི་ཟ་ཁང་གི་སྒོ་འབྱེད་པར་གཏན་འགོག་བྱས། ཅོར་ཏན་གྱིས་ཚེས་ཉེར་གཅིག་ཉིན་ནས་བཟུང་གློག་ཆས་ཐོན་རྫས་དང་གྱོན་ཆས། ཁྱིམ་ཆས་སོགས་ལས་རིགས་སྐོར་ཞིག་གིས་ཚོང་གཉེར་བྱེད་པར་ཆོག་མཆན་བཀོད་པ་དང་། རིམས་ནད་བྱུང་མེད་པའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་རེ་འགའི་བཀག་སྡོམ་བྱེད་ཐབས་ཇེ་ལྷོད་དུ་བཏང་། དེ་ལས་གཞན་མང་ཚོགས་དག་མཉམ་དུ་འདུས་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། ཅོར་ཏན་གྱིས་སྨྱུང་གནས་ཟླ་བའི་སྐབས་སུ་མུ་མཐུད་དུ་མཚན་མགྲོན་འགོག་རྒྱུ་རེད། 

ཅོར་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། རྒྱལ་ཁབ་དེར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་གསུམ་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་བཞི་བརྒྱ་དང་ཞེ་བདུན་ཡོད། དེའི་ནང་ནད་པ་སུམ་བརྒྱ་དང་ཞེ་གཅིག་དྲག་སྐྱེད་བྱུང་ཡོད་ལ། ནད་པ་བདུན་རྐྱེན་ལམ་དུ་ཤོར་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།