ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བྱིས་པའི་རིམས་འགོག་བྱ་བར་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉེར་བཞིའི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་མིག་སྔའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་བཟོས་པའི་གནས་ཚུལ་འོག་ཏུ། བྱིས་པའི་རིམས་འགོག་བྱ་བར་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྤྱི་སྒྲོག་ལས་བཤད་རྒྱུར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་རྗེས་སུ། རྒྱལ་ཁབ་མང་བོས་གཞི་རྒྱ་ཆེ་བའི་སྒོ་ནས་རྐང་མར་ཐལ་འགྱུར་ནད་ཀྱི་འགོག་སྨན་བརྒྱག་མཚམས་བཞག་པ་དང་། རྒྱལ་ཁབ་ཉེར་ལྔ་ཡིས་སིབ་བིའི་ནད་ཀྱི་འགོག་སྨན་བརྒྱག་པར་འགོར་འགྱངས་བྱས་ཡོད་ཟེར། སྤྱི་སྒྲོག་ལས་བསྟན་དོན། མིག་སྔའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱིས་བྱིས་པའི་རིམས་འགོག་བྱ་བར་གནོད་པ་བཟོས་ཡོད་པས། ཉིས་སྟོང་ཉི་ཤུ་ལོའམ་དེའི་རྗེས་སུ་འབྲེལ་ཡོད་ཀྱི་རིམས་ནད་འབྱུང་ངེས་རེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར། འཛམ་གླིང་ཡོངས་སུ་བྱིས་པ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་ཐོག་དང་པོར་སིབ་བིའི་ནད་ཀྱི་འགོག་སྨན་བརྒྱག་པའི་གོ་སྐབས་ཤོར་ཡོད། མིག་སྔར་འཛམ་གླིང་ཡོངས་སུ་ཐོག་དང་པོའི་སིབ་བིའི་ནད་ཀྱི་འགོག་སྨན་བརྒྱབ་པའི་ཚད་བརྒྱ་ཆའི་གྱ་དྲུག་ཙམ་ཡིན་པ་དང་། སིབ་བིའི་ནད་འབྱུང་བ་སྔོན་འགོག་བྱེད་པར་མཁོ་བའི་བརྒྱ་ཆའི་གོ་ལྔ་ལས་ལྷག་ཏུ་དམའ་བ་ཡིན། གནས་ཚུལ་དེ་ལས་ཉིས་སྟོང་བཅུ་དགུ་ལོར་སིབ་བིའི་ནད་བྱུང་ནས་རྒྱ་ཡན་དུ་སོང་། དེའི་ནང་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱང་འདུས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།