ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་འཇར་མན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱལ་སྤྱིའི་མཉམ་ལས་འདོད་བློར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བསོད་ནམས་ཚེ་རིང་།   སྤེལ་དུས། : 2020-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། འཇར་མན་གྱིས་ཤུགས་ཆེན་པོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་མཉམ་ལས་གྲོགས་པོས་ཉིན་དེར་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པའི་རྒྱལ་སྤྱིའི་མཉམ་ལས་འདོད་བློར་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་མ་ཟད། དོན་དེའི་ཐད་བྱས་རྗེས་གལ་ཆེན་འཇོག་རྒྱུ་ཡིན་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་ཉེར་བཞིའི་ཉིན་བརྙན་རིས་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། ལམ་ཚད་རྡོ་རིང་ལྟ་བུའི་རྒྱལ་སྤྱིའི་མཉམ་ལས་ཀྱི་འདོད་བློ་དངོས་སུ་ལག་བསྟར་བྱས་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འབྲེལ་ཡོད་འགོག་སྨན་དང་ནད་བརྟག་ཡོ་བྱད། གསོ་བཅོས་ཡོ་བྱད་ཀྱི་གསར་སྤེལ་དང་ཐོན་སྐྱེད། འདྲ་མཉམ་བགོ་བཤའ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

མའོ་ཁི་ཨར་གྱིས་བརྙན་རིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ནི་ལོ་ངོ་བཅུ་ཕྲག་འགའི་ནང་བྱུང་བའི་འགྲན་རྩོད་ཆེས་ཆེན་མོ་ཞིག་རེད་ཟེར། མོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ཏེ་མནའ་འབྲེལ་ཆགས་པར་བྱས་ན་ད་གཟོད་ནད་དུག་ལས་རྣམ་པར་རྒྱལ་ཐུབ་ཟེར། 

མའོ་ཁི་ཨར་གྱིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་འགོག་སྨན་དང་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་བགོ་བཤའ་བྱེད་པ་དེ་འཛམ་གླིང་ཡོངས་ཀྱི་སྤྱི་བའི་བདེ་སྐྱིད་ལ་འབྲེལ་བ་ཡོད་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ངེས་པར་དུ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོས་འགོག་སྨན་གྱི་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་བའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འདོད་བློའི་མདུན་དུ་ལྷགས་པའི་ཡོ་སྒོར་ཐེར་འབུམ་བརྒྱད་ཀྱི་མ་དངུལ་ཆད་ལྷག་ཁ་གསབ་བྱེད་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།