ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་དྲག་ཆས་ཉེས་ཅན་གྱིས་ས་ཁུལ་མང་བོ་ནས་འཁྲུག་རྩོད་བྱས་ཏེ་མི་ཞེ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་ས་ཁུལ་མང་བོ་ནས་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་ལས་བསྡོམས་པས་མི་ཞེ་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། མི་མང་བོར་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་ཉེན་རྟོག་ཅུའུ་ཡི་མགྲིན་ཚབ་པ་ཨ་ཁི་པཱ་ལི་ཡིས་བཤད་རྒྱུར། ཞིང་ཆེན་དེའི་ཏཱ་ཧྲི་ཐི་ཨ་ཆི་ས་ཁུལ་གྱི་བདེ་འཇགས་དམག་དཔུང་ལ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ་དྲག་ཆས་ཉེས་ཅན་བཅུ་བསད། ཉེ་འདབས་ཀྱི་ཀྲ་ལེ་པའོ་ས་ཁུལ་དུ་བདེ་འཇགས་དམག་དཔུང་གི་དམག་མི་བཞི་ལ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཝུའུ་ལུའུ་ཙི་ཀན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་པཱ་ཏིས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཞིང་ཆེན་དེའི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། བདེ་འཇགས་དམག་དཔུང་གི་དམག་མི་བཞི་དང་དྲག་ཆས་ཉེས་ཅན་བདུན་རྐྱེན་ལམ་དུ་ཤོར། གཞན་ཡང་མི་ཉི་ཤུར་རྨས་ཕོག་ཡོད་ཟེར། 

གཞན་ཡང་ཨ་ཧྥུའུ་ཧན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དང་ཅཱ་ཙི་ནེ་ཞིང་ཆེན་དུ། འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་བདེ་འཇགས་དམག་དཔུང་གི་དམག་མི་གཉིས་དང་དྲག་ཆས་ཉེས་ཅན་བཅུ་བདུན་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། རྩ་འཛུགས་དེའི་དྲག་ཆས་མི་སྣས་གོང་གི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།