ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐད་ནས་ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རིམས་ནད་འགོག་རྒོལ་ཐད་ཧུར་ཐག་སྒོས་ཞུགས་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞོགས་འདེགས་གང་ལེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

ཝུའུ་ཁི་ལན་རྒྱལ་ནང་གི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱེད་སྐབས། ཕྱོགས་གཉིས་ཀྱིས་རིམ་བཞིན་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པ་དང་ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་ནང་ཐུན་མོང་ལྟ་ཚུལ་ལག་བསྟར་བྱེད་དགོས་པ་ནན་བཤད་བྱས། 

དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་སི་རི་ཡཱའི་གནས་བབ་དང་། ལི་པུ་ཡཱའི་གནས་བབ། འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཚོང་རའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།