ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་སྲིད་ཏང་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱི་མགོ་ཁྲིད་པ། ད་ལྟའི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་བར་གནས་ཏང་ཁག་སྔོ་དཀར་ཏང་གི་མགོ་ཁྲིད་པ། གསར་དུ་འགན་ཁུར་བའི་གྲོས་ཁང་གི་གྲོས་དཔོན་ཀན་ཚི་གཉིས་ཀྱིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཡེ་ལུའུ་སཱ་ལེམ་ནས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མཐུན་བཀོད། དེ་ལས་དབྱི་སི་རལ་གྱིས་ལོ་ངོ་གཅིག་ལྷག་གི་རིང་ཐག་གཅོད་བྱེད་མ་ཐུབ་པའི་སྲིད་གཞུང་རྩ་འཛུགས་ཀྱི་བྱ་བ་དངོས་སུ་ཡོངས་འགྲུབ་བྱས། 

ལེ་ཁུའུ་ཏི་སྡེ་ཚོགས་དང་སྔོ་དཀར་ཏང་གིས་ཉིན་དེའི་དགོང་མོར་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ཁྱབ་སྒྲོག་བྱས་དོན། ནེ་ཐཱ་ནི་ཡཱ་ཧུའུ་དང་ཀན་ཚི་གཉིས་ཀྱིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མཐུན་བཀོད་ཡོད་ཟེར། 

གྲོས་མཐུན་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཉམ་འབྲེལ་སྲིད་གཞུང་ཁྲོད་ཐོག་མར་ཙུང་ལིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ཟླ་ངོ་བཅོ་བརྒྱད་རེད། ཀན་ཚི་ཡིས་ཙུང་ལི་གཞོན་པ་དང་རྒྱལ་སྲུང་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་རྒྱུ་རེད། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཙུང་ལིའི་འགན་ཡུན་མཇུག་སྒྲིལ་རྗེས། ཀན་ཚི་ཡིས་ཙུང་ལིའི་འགན་ཁུར་རྒྱུ་ཡིན་པ་དང་། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཙུང་ལི་གཞོན་པའི་འགན་ཁུར་རྒྱུ་རེད། གྲོས་མཐུན་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་དང་ཀན་ཚི་ཡིས་རེས་མོས་ལྟར་སྲིད་འཛིན་པའི་རྐྱེན་སྲོལ་དེ་ཁྲིམས་འཛུགས་ཀྱི་རྣམ་པས་གཏན་འཁེལ་གསལ་བོ་བྱེད་རྒྱུ་ཡིན་ཟེར། 

གྲོས་མཐུན་ལྟར་ན། མཉམ་འབྲེལ་སྲིད་གཞུང་དུ་པུའུ་ཀྲང་སོ་དྲུག་དང་པུའུ་ཀྲང་གཞོན་པ་བཅུ་དྲུག་བཀོད་སྒྲིག་བྱས་ཡོད་ལ། དབྱི་སི་རལ་གྱི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་སྲིད་གཞུང་དུ་འགྱུར་སྲིད། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཞིབ་དཔྱོད་དཔོན་པོ་དང་རྒྱལ་ཁབ་ཀྱི་ཞིབ་དཔྱོད་དཔོན་པོའི་བསྐོ་འཇོག་ལ་རྩིས་མེད་དུ་གཏོང་བའི་དབང་ཆ་ཡོད་པ་རེད། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མཉམ་འབྲེལ་སྲིད་གཞུང་གི་ཁོངས་མིར་ཆོས་ལུགས་སྲིད་ཏང་དང་གཡས་ཕྱོགས་སྲིད་ཏང་སོགས་སྲིད་ཏང་གི་མི་སྣའང་འདུས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།