ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་ཉིན་དེའི་ཞོགས་པར་རྒྱལ་ཁབ་དེའི་ནུབ་བྱང་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་ལ་ཝ་ཅི་ལི་སི་ཐན་བྱང་མའི་ལྟེ་གནས་གྲོང་ཁྱེར་མུས་ལན་ཧྲ་ཨར་ནུབ་ངོས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་ཡོད་པའི་ཞིབ་བཤེར་ས་ཚིགས་ཤིག་ནས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། བདེ་འཇགས་དམག་དཔུང་གིས་རྒོལ་ལན་དྲག་པོ་སྤྲད། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་ལྔ་བསད་པ་དང་། ཕཱ་ཁི་སི་ཐན་གྱི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་དམག་མི་གསུམ་ལ་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་གིས་འབྲེལ་ཡོད་ས་ཁོངས་བཀག་སྡོམ་བྱས་ཏེ་སྔོག་བཤེར་འགུལ་སྐྱོད་སྤེལ་ཟེར། གསལ་སྒྲོག་ལས་འཇིགས་སྐུལ་ཉེས་ཅན་དེ་དག་རྩ་འཛུགས་གང་ལ་གཏོགས་པ་གསལ་བོར་བཤད་མེད། 

ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་ལ། ས་ཁུལ་དེར་འཇིགས་སྐུལ་ཉེས་ཅན་རྒྱུན་དུ་འགུལ་སྐྱོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།