ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཧྥ་རན་སིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་ལས་བརྒལ། 

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཧྥ་རན་སིའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཉིས་དང་ཉིས་བརྒྱ་རེ་ལྔར་བསླེབ་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ལྔ་བརྒྱ་དང་ཞེ་བདུན་ཇེ་མང་དུ་སོང་། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚང་མའི་ཁྲོད། སྨན་ཁང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་ལྔ་བརྒྱ་བཅུ་གསུམ་ཡོད་པ་དང་། སྔ་ཉིན་ལས་ནད་པ་བཞི་བརྒྱ་དང་ཞེ་བཞི་ཇེ་མང་དུ་སོང་། ལུས་སྟོབས་ཞན་པའི་རྒན་པའི་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་བདུན་དང་བདུན་བརྒྱ་ང་གཉིས་ཡོད་ལ། སྔ་ཉིན་ལས་བརྒྱ་དང་གསུམ་ཇེ་མང་དུ་སོང་ཡོད་ཟེར། 

སཱ་ལོ་མིན་གྱིས་བཤད་རྒྱུར། མིག་སྔའི་བར་དུ་ཧྥ་རན་སི་རུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་གསུམ་དང་ལྔ་བརྒྱ་གྱ་བཞི་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ཉེར་དྲུག་ཇེ་ཉུང་དུ་སོང་ཡོད། ནད་པ་སྟོང་ལྔ་དང་དྲུག་བརྒྱ་གྱ་གསུམ་གྱིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། སྔ་ཉིན་ལས་ནད་པ་རེ་གཅིག་ཇེ་ཉུང་དུ་སོང་ཡོད་ཟེར། 

དེ་ལས་གཞན་ཧྥ་རན་སིའི་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཧྥ་རན་སིའི་སྨན་ཁང་དུ་ནད་ངོས་འཛིན་བྱས་པའི་ནད་པ་རིམ་རྩིས་ཀྱིས་འབུམ་གཅིག་དང་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་ང་བདུན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་སྟོང་གཉིས་དང་ང་གཅིག་ཇེ་མང་དུ་སོང་ཡོད། ལུས་སྟོབས་ཞན་པའི་རྒན་པའི་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ངོས་འཛིན་བྱས་པ་དང་དོགས་ཡོད་ནད་པ་རིམ་རྩིས་ཀྱིས་ཁྲི་དྲུག་དང་སྟོང་བཞི་བརྒྱ་དང་བཅུ་བདུན་ཡོད་ལ། སྔ་ཉིན་ལས་ནད་པ་བདུན་བརྒྱ་དང་གྱ་གཅིག་ཇེ་མང་དུ་སོང་ཡོད་ཟེར། 

ཧྥ་རན་སིའི་ངལ་རྩོལ་བཟོ་བའི་པུའུ་ཀྲང་ཕའེ་ནེ་ཁི་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། མིག་སྔའི་བར་དུ་བསྡོམས་པས་ཁེ་ལས་འབུམ་བདུན་དང་ཁྲི་བརྒྱད་སྟོང་ལྔ་ཡིས་ལས་བཟོ་བ་ས་ཡ་དགུ་དང་འབུམ་དྲུག་ལ་ལས་ཤོར་བྱེད་ཐབས་སྤྱོད་པའི་སྙན་ཞུ་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།