ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་འཕྲོད་བསྟེན་པུའུ་ཀྲང་མུའུ་ལཱ་ཧྲི་ཁི་ཡིས་ཚེས་བཅུ་དགུའི་ཉིན་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་རིམས་ནད་འགོག་རྒོལ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུའུ་ལཱ་ཧྲི་ཁི་ཡིས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕྲོད་བསྟེན་པུའུ་ཀྲང་གི་བརྙན་རིས་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་འགོག་བྱ་བར་རྒྱབ་སྐྱོར་བྱེད་དགོས། འགོ་ནད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཕྲལ་སྒྲུབ་རྐྱེན་སྲོལ་ཇི་ལྟར་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ཐོན་རྫས་ཀྱི་ཆོག་མཆན་ཚད་གཞི་ཇི་ལྟར་ཐག་གཅོད་བྱེད་པ། འཛམ་གླིང་རང་བཞིན་གྱི་གནད་དོན་དེར་ཇི་ལྟར་འགན་སྲུང་བྱེད་པ་བཅས་ལ་བསམ་བློ་གཏོང་དགོས་ཟེར། 

མུའུ་ལཱ་ཧྲི་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་ལ་འཐུས་སྒོ་ཚང་བའི་སྨན་བཅོས་འགན་སྲུང་མ་ལག་ཡོད་པས། ནད་པ་ཀུན་ལ་ཁྱབ་པའི་སྨན་བཅོས་ཞབས་ཞུའི་གནད་དོན་ལ་སེམས་ཁུར་བྱེད་དགོས་མེད་ཟེར། ཁོས་བསྟན་དོན། ཨུ་རུ་སི་ཡིས་རྒྱུན་ཆད་མེད་པར་རྒྱལ་ཁབ་གཞན་པའི་རིམས་འགོག་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། རང་སྟེང་གི་སྨན་བཅོས་འཕྲོད་བསྟེན་མ་ལག་གི་དེང་རབས་ཅན་གྱི་གནད་དོན་ལ་བསམ་བློ་གཏོང་དགོས། ཨུ་རུ་སི་ཡིས་རང་ཉིད་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་ཚད་འཇལ་མ་ལག་གསར་སྤེལ་བྱས་ཡོད་པར་མ་ཟད། རྒྱལ་ཡོངས་སུ་ནད་པ་ལྗིད་མོའི་གསོ་བཅོས་ལ་ཆེད་དུ་དམིགས་པའི་བློ་འདྲིའི་ལྟེ་གནས་བཙུགས་ཡོད་ཟེར། 

ཨུ་རུ་སིའི་རིམས་འགོག་བཀོད་འདོམ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཨུ་རུ་སི་རུ་ནད་པ་སྟོང་དྲུག་དང་དྲུག་ཅུ་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་བཞི་དང་སྟོང་གཉིས་བརྒྱད་བརྒྱ་ང་གསུམ་དུ་བསླེབ་ཡོད། གསར་དུ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཞེ་བརྒྱད་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་སུམ་བརྒྱ་དང་རེ་གཅིག་རྐྱེན་ལམ་དུ་ཤོར་ཡོད། ནད་པ་ཉིས་བརྒྱ་དང་སོ་བཞི་གསར་དུ་དྲག་སྐྱེད་བྱུང་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་གསུམ་དང་ཉིས་བརྒྱ་གོ་གཅིག་དྲག་སྐྱེད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།