ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅུ་གཉིས་ཉིན་གྱི་དུས་ཚོད་བཅུ་གཉིས་བར། འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཅིག་དང་འབུམ་བརྒྱད་ལས་བརྒལ་བ་དང་ནད་པ་འབུམ་གཅིག་དང་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར།

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་མིག་སྔར་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བསྡོམས་པས་ནད་པ་འབུམ་ལྔ་དང་ཁྲི་གསུམ་ལྷག་ལ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཉིས་དང་དྲུག་བརྒྱ་ཞེ་དྲུག་ལ་བསླེབ་ཡོད། དབྱེ་ཐཱ་ལེ་ནི་མིག་སྔར་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཡིན། དབྱེ་ཐཱ་ལེའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་དགུ་ལྷག་ལ་བསླེབ་ཡོད། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་ལྔ་ལྷག་ཡོད། སི་ཕན་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་དང་ཁྲི་དྲུག་སྟོང་དྲུག་དང་དགུ་བཅུར་བསླེབ་ཡོད་ལ། ནད་པ་ཁྲི་གཅིག་དང་སྟོང་དྲུག་ལྷག་རྐྱེན་ལམ་དུ་ཤོར། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་འབུམ་གཅིག་ཡན་དུ་བསླེབ་པའི་རྒྱལ་ཁབ་ལ་ད་རུང་ཧྥ་རན་སི་དང་འཇར་མན་ཡང་འདུས།

གཞི་གྲངས་འདི་དག་ནི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཞིབ་འཇུག་ལས་གཞིས་བསྡོམས་རྩིས་བྱས་པའི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་གཞི་གྲངས་ལས་ཐོན་པ་ཡིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།