ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ནས་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་བཞག་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཟླ་བཞི་བའི་ཚེས་དགུ་ཉིན་ནས་བཟུང་ཡེ་མིན་གྱིས་དུས་ཡུན་གཟའ་འཁོར་གཉིས་རིང་ཡིན་པའི་ཕྱོགས་གཅིག་གི་འཁྲུག་རྩོད་མཚམས་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འཁྲུག་རྩོད་མཚམས་བཞག་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་སྐོར་གྱི་འབོད་སྐུལ་དང་ལེན་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་དགུ་ཉིན་གྱི་དུས་ཚོད་བཅུ་གཉིས་ནས་བཟུང་། མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་དུ་ཡེ་མིན་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་ཡེ་མིན་མི་དམངས་ལ་ཐེབས་པའི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་ཇེ་ཡང་དུ་བཏང་སྟེ། འབྲེལ་ཡོད་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པར་སྟབས་བདེ་བཟོ་ཆེད་ཡིན་ཟེར། 

ཐུའུ་ཨར་ཅི་ཡིས་ད་རུང་བཤད་རྒྱུར། ཡུན་ཚད་གཟའ་འཁོར་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་བཏང་བ་ལྟར་འབྲེལ་ཡོད་ཕྱོགས་སོ་སོས་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་ནས་ཡེ་མིན་ནས་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་ཆེད་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་སྤེལ་ཏེ་འཁྲུག་རྩོད་མཚམས་བཞག་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། འཁྲུག་རྩོད་མཚམས་བཞག་པ་དེ་ཡེ་མིན་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་བར་ཕན་པར་མ་ཟད་རིམས་ནད་འགོག་རྒོལ་བྱེད་པར་ཡང་ཕན་ཐོགས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།