ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་རྒྱལ་དུ་ནད་ཡམས་ཁྱབ་ཚུལ་གྱི་གྲངས་གཞི་གསར་ཤོས།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།   རྩོམ་པ་པོ། : རིན་ཆེན་དབང་འདུས།   སྤེལ་དུས། : 2020-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཡོ་རོབ་དབུས་མའི་དུས་ཚོད་སྤྱི་ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་བར། ཀྲུང་གོ་ཕུད་པའི་ས་གནས་གཞན་དུ་གཏན་འཁེལ་བྱུང་བའི་ནད་དཔེ་ཉིན་གོང་མ་དང་བསྡུར་ན་79259མང་དུ་ཕྱིན་ནས། ནད་དཔེ་968760ཟིན་པ་དང་། ཀྲུང་གོ་ཕུད་པའི་ས་གནས་གཞན་དུ་ཚེ་འདས་ནད་དཔེ་ཉིན་གོང་མ་དང་བསྡུར་ན་6660མང་དུ་ཕྱིན་ནས་53650ཟིན་ཡོད་པ་བསྟན་ཡོད།

    དེ་དག་ཁྲོད། ཨ་རིའི་ཡུའེ་ཧན་ཧོ་ཕུ་ཅིན་སི་སློབ་ཆེན་གྱིས་སྤྱི་ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་ནད་ཡམས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་སྤྱི་ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་50བར་སླེབས་སྐབས། ཨ་རིར་ནད་ངོ་ཆོད་པའི་ནད་དཔེ་3འབུམ་ལས་བརྒལ་ཏེ་300915ཟིན་པ་དང་། ཚེ་འདས་ནད་དཔེ་8162ཟིན་ཡོད་པ་རེད། ཨ་རི་ནི་མིག་སྔར་འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ནད་དཔེ་ཐོན་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར་ཡོད། དེའི་ཁྲོད་ཉིའུ་ཡོག་མངའ་སྡེ་ནི་ཉེན་ཚབས་ཆེ་ཤོས་ཀྱི་ས་ཁུལ་དེ་ཡིན་ཞིང་། ནད་ངོ་ཆོད་པའི་ནད་དཔེ་113806ཟིན་པ་དང་། ཚེ་འདས་ནད་དཔེ་3565ཟིན་ཡོད་པ་བསྟན་ཡོད།

    ཡོ་རོབ་ཀྱི་ཐད། སི་ཕན་འཕྲོད་བསྟེན་པུས་སྤྱི་ཚེས་4ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་ནད་ཡམས་ཀྱི་གྲངས་གཞི་གསར་ཤོས་ལས་གསལ་བར། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་9པ་བར་སླེབས་སྐབས། སི་ཕན་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་ཡམས་ཕོག་པ་གཏན་འཁེལ་བའི་ནད་དཔེ་1འབུམ་2ཁྲི་ལས་བརྒལ་ནས་1འབུམ་2ཁྲི་4736ཟིན་ཡོད། འོན་ཀྱང་ཉིན་གོང་མ་དང་བསྡུར་ན་ནད་དཔེ་809ཉུང་དུ་ཕྱིན་པ་དང་། ཚེ་འདས་ནད་དཔེ་11744ཟིན་ཡོད། དབུ་བཞུགས་བློན་ཆེན་སང་ཆེ་སིས་དེ་ཉིན་བརྙན་མཐོང་བརྒྱུད་སྲིད་གཞུང་གིས་གྲོས་ཚོགས་ཁང་ལ་རྒྱལ་ཁབ་ཛ་དྲག་གི་རྣམ་པ་སྤྱི་ཟླ་4པའི་ཚེས་25ཉིན་གྱི་ཆུ་ཚོད་24བར་ནར་འགྱངས་བྱ་རྒྱུའི་རེ་ཞུ་འབུལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། འཇར་མན་ནད་ཡམས་ཚོད་འཛིན་ཚན་པའི་ལོ་པོ་ཐེ་ཁེ་ཧེ་ཞིབ་འཇུག་སོའི་ཡིས་སྤྱི་ཚེས་4ཉིན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་4ཉིན་གྱི་ཆུ་ཚོད་0བར་སླེབས་དུས། འཇར་མན་དུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་85778ཟིན་པ་དང་། ཉིན་གོང་མ་དང་བསྡུར་ན་ནད་དཔེ་6082མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་1158ཟིན་པ་ཁྱབ་བསྒྲགས་བྱས་ཡོད། ཧྥ་རན་སིའི་སྤྱི་པའི་འཕྲོད་བསྟེན་སྡེ་ཚན་གྱིས་སྤྱི་ཚེས་4ཉིན། ཧྥ་རན་སིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་ཡམས་ཕོག་པ་གཏན་འཁེལ་བའི་ནད་དཔེ་68605བར་འཕར་བ་དང་། འདས་པའི་ཆུ་ཚོད་24རིང་ནད་དཔེ་4267འཕར་ཡོད་པ་རེད། ཧྥ་རན་སིར་རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་7560ཟིན་ཡོད། ཕོར་ཐིའུ་ཀལ་འཕྲོད་བསྟེན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཚེས་4ཉིན། ཕོར་ཐིའུ་ཀལ་དུ་རིམ་རྩིས་བྱས་ན་ནད་ངོ་ཆོད་པའི་ནད་དཔེ་10524ཟིན་པ་དང་། ཚེ་འདས་ནད་དཔེ་266ཟིན་པ་ཁྱབ་བསྒྲགས་བྱས་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལའེ་སིས་སྤྱི་ཚེས་3ཉིན་ཡང་བསྐྱར་འཛམ་གླིང་རྒྱལ་ཁབ་ཁག་གིས་དམག་འཁྲུག་མཚམས་འཇོག་བྱས་ནས། སེམས་ནུས་ཡོད་རྒུས་ཏོག་གསར་གློ་ཚད་ནད་ཡམས་ཏེ་མིའི་རིགས་ཀྱི་སྤྱི་དགྲ་འདིར་ཁ་གཏད་གཅོག་རྒྱུའི་འབོད་སྐུལ་གནང་ཡོད། ཀུ་ཐེ་ལའེ་སིས། ཏོག་གསར་གློ་ཚད་ནད་ཡམས་ཀྱིས་མིའི་རིགས་སྤྱི་ཚོགས་ལ་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཤུགས་རྐྱེན་ངན་པ་གཏིང་ཟབ་བཟོས་དང་བཟོ་མུས་རེད། རྒྱལ་ཁབ་ཁག་ཅིག་གི་འདེམ་བསྐོ་ཆེན་མོ་ནར་འགྱངས་བྱེད་དགོས་ཐུག་པ་དང་། མང་ཚོགས་ཀྱི་བྱ་སྤྱོད་ལ་ཚད་བཀག་ཐེབས་པ། ལས་ཀ་ཤོར་ཚད་མང་དུ་ཕྱིན་པ་སོགས་གནད་དོན་དེ་དག་ཚང་མས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་ཏུ་བཏང་ཡོད། འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་སྒྲིག་འཛུགས་ཀྱིས་ཀྱང་གོ་སྐབས་དེ་དང་བསྟུན་ནས་བྱ་ངན་སྤེལ་ཉེན་ཡོད། དེར་བརྟེན། འཛམ་གླིང་ཧྲིལ་པོས་དམག་འཁྲུག་རྒྱག་མཚམས་བཞག་ནས། སྟོབས་ཤུགས་ཡོད་རྒུས་ནད་ཡམས་ལ་འགོག་རྒོལ་བྱེད་དགོས་ཞེས་གསུངས་ཡོད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།