ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དྲུག་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་རིམས་ནད་འགོག་བཅོས་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་དྲུག་དང་བཅུ་གཉིས་ལ་འཕར་བ་དང་ ། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་བརྒྱ་དོན་བཞི་འཕར་ཡོད་ལ། ནད་པ་བཅུ་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་ས་གནས་སྲིད་གཞུང་བར་གྲོས་མཐུན་བཀོད་དེ། གཅིག་གྱུར་སྒོས་སྤྱི་བའི་འཚོ་བར་སྔར་ལས་བཀག་འགོག་བྱེད་པའི་བྱེད་ཐབས་སྤྱད། དེའི་ནང་རྟེན་མཛོད་ཁང་དང་། གློག་བརྙན་ཁང་། ཆང་ཁང་། ཆུར་རྐྱལ་ཁང་སོགས་རིག་གནས་དང་རོལ་རྩེད། ལུས་རྩལ་བཅས་ཀྱི་སྒྲིག་ཆས་ཚང་མའི་སྒོ་བརྒྱག་པ་དང་། ཆོས་ལུགས་ཀྱི་འདུ་ཚོགས་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་པ། སྨན་ཁང་དུ་ནད་པར་སྐོར་རྒྱག་པ་དང་མགྲོན་ཁང་དུ་སྡོད་པ། ཟ་ཁང་གི་ལས་གཉེར་དུས་ཚོད་སོགས་ལ་ཚོད་འཛིན་བྱས། ཡིན་ཡང་ཟས་རིགས་ཚོང་ཁང་དང་སྨན་རྫས་ཚོང་ཁང་། དངུལ་ཁང་། སྦྲགས་སྲིད་ཁང་། སྣུམ་སྣོན་ས་ཚིགས་སོགས་ལ་ཤུགས་རྐྱེན་ཐེབས་མེད། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་བསྟན་དོན། བཀག་འགོག་བྱེད་ཐབས་དེ་དག་འཇར་མན་ནས་སྔོན་ཆད་གཏན་ནས་ལག་བསྟར་བྱས་མྱོང་མེད་ཀྱང་། སྤྱི་ཚོགས་ཀྱི་འབྲེལ་འདྲིས་ཇེ་ཉུང་དུ་བཏང་ནས་རིམས་ནད་འགོ་ཚད་ཇེ་དམའ་རུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་ཐེབས་པར་སྔོན་འགོག་བྱེད་ཆེད། མིག་སྔར་བྱེད་ཐབས་འདི་འདྲ་སྤྱོད་པར་དགོས་གལ་ཧ་ཅང་ཆེ་ཟེར། 

འཇར་མན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་རང་གི་སྤྱི་དམངས་དག་གིས་དགོས་མེད་དུ་རྒྱལ་ཁབ་གཞན་པར་འགྲོ་བའི་འགྲུལ་བཞུད་རྩིས་མེད་དུ་གཏོང་དགོས་པའི་གྲོས་གཞི་བཏོན་པར་མ་ཟད། གནས་གང་རུང་དུ་སོང་ན་འཆར་གཞི་ལྟར་ཕྱིར་ལོག་ཐབས་མེད་པའི་ཉེན་ཁ་ཡོད་པར་གསལ་འདེབས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།