ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མའི་སྒོ་བརྒྱབ་ནས་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་གཉིས་ཉིན་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཚབས་ཆེ་བའི་དབང་གིས་ཧྥ་རན་སི་ཡིས་སློབ་གྲྭ་སོགས་ཀྱི་སྒོ་བརྒྱག་པའི་འགོག་སྲུང་བྱེད་ཐབས་སྤྱོད་རྒྱུ་ཡིན་ཡང་། སྐོར་ཐེངས་དང་པོའི་ས་གནས་གྲོང་ཁྱེར་གྱི་འདེམ་བསྐོ་སྔར་བཞིན་སྤེལ་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་རིམས་ནད་བྱུང་མ་ཐག་པའི་དུས་རིམ་དུ་གནས་ཡོད་པ་དང་། དེ་ནི་ཧྥ་རན་སིའི་དུས་རབས་གཅིག་གི་ཚུན་ལ་བྱུང་བའི་ཆེས་ཚབས་ཆེ་བའི་སྤྱི་བའི་འཕྲོད་བསྟེན་གྱི་ཉམས་ཉེན་ཞིག་ཡིན་ལ། མིག་སྔའ་ཁ་ཚ་དགོས་གཏུག་གི་བྱ་བ་ནི་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ཟེར། 

མཱ་ཁི་ལུང་གིས་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ཚེས་བཅུ་དྲུག་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཚང་མ་དང་བྱིས་སྐྱོང་ཁང་སོགས་ཀྱི་སྒོ་བརྒྱག་རྒྱུ་ཡིན་ཟེར། ཁོས་ཧྥ་རན་སིའི་མི་ཚང་མས་ཚད་ཆེན་པོའི་སྒོ་ནས་ཕྱིར་འགྲོ་ཇེ་ཉུང་དུ་གཏོང་བ་དང་། རྒྱང་བསྟེན་གཞུང་སྒྲུབ་ལ་བསམ་བློ་གཏོང་དགོས་པའི་རེ་བ་བཏོན། ཁོས་རིམས་ནད་འགོ་སླ་བའི་མི་ཚོགས་དང་ཁྱད་པར་དུ་ལོ་བདུན་ཅུའི་ཡན་གྱི་རྒན་པ། དལ་གཤིས་ཀྱི་ནད་བྱུང་བའི་མི་ཚོགས་བཅས་རང་ཁྱིམ་ནས་བསྡད་དེ་ཕྱིར་འབུད་མི་རུང་བའི་འབོད་སྐུལ་བཏང་། 

མཱ་ཁི་ལུང་གིས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་སྤེལ་བར་ཐག་བཅད་ཡོད་པའི་གྲོང་ཁྱེར་གྱི་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་བ་རྒྱུན་ལྡན་ངང་སྤེལ་རྒྱུ་ཡིན་པ་དང་། མང་ཚོགས་དག་གིས་འདེམ་ཤོག་འཕེན་སྐབས་འབྲེལ་ཡོད་སྡེ་ཁག་གིས་བཏོན་པའི་འཕྲོད་བསྟེན་གྲོས་གཞི་དང་རེ་བ་བརྩི་སྲུང་ནན་མོ་བྱེད་དགོས་པའི་རེ་བ་བཏོན། 

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སིའི་སྲིད་གཞུང་གིས་མྱུར་དུ་འཕྲལ་སྒྲུབ་རྐྱེན་སྲོལ་ལག་བསྟར་བྱས་ཏེ་ཁེ་ལས་དང་ལས་བཟོ་བར་སྲུང་སྐྱོབ་བྱེད་པ་དང་། རིམས་ནད་དབང་གིས་ལས་ཤོར་གྱི་ཚད་ཇེ་མཐོར་འགྲོ་བར་སྔོན་འགོག་བྱེད་རྒྱུ་ཡིན་ཟེར། 

རྒྱལ་མཚམས་བཀག་སྡོམ་བྱེད་མིན་ཐད་ནས་མཱ་ཁི་ལུང་གིས་མི་རིགས་རིང་ལུགས་ཀྱི་རང་ཉིད་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན་པ་དང་། རྒྱལ་མཚམས་བཀག་སྡོམ་བྱེད་དགོས་མིན་དེ་ཡོ་རོབ་གླིང་གི་ཁྱབ་ཁོངས་ནས་ཐག་གཅོད་བྱེད་དགོས་པར་འདོད། 

ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཡི་ཁོངས་སུ་གཏོགས་པའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཧྥ་རན་སིའི་རྒྱལ་ཡོངས་སུ་རིམ་རྩིས་ཀྱིས་ནད་པ་སྟོང་གཉིས་དང་བརྒྱད་བརྒྱ་དོན་དྲུག་ཡོད་པ་དང་། དེའི་ནང་ནད་པ་རེ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།