ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་རིམས་ནད་འགོག་བཅོས་བྱེད་པར་བརྩོན་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཚེས་བཅུ་གཉིས་ཉིན་དངུལ་ལོར་སྲིད་ཇུས་ཀྱི་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གཙོ་བྱས་ཏེ་བུ་ལོན་གྱི་ཚད་མི་འགྱུར་བ་ཐག་གཅོད་བྱས་པ་དང་། ཞོར་དུ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་རྒྱུ་རེད། 

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ལཱ་ཅཱ་ཏི་ཡིས་མཚམས་སྦྱོར་བྱས་དོན། ཟླ་དྲུག་པར་དུས་ཡུན་རིང་བོའི་དངུལ་གསོག་སྐོར་ཐེངས་དང་པོ་མ་སྤེལ་གོང་། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་དུས་ཡུན་རིང་བོའི་དངུལ་གསོ་བྱེད་ཐབས་ལག་བསྟར་བྱས་ཏེ། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དངུལ་ལོར་མ་ལག་ལ་གསོན་ཤུགས་ལྡན་པར་བྱེད་རྒྱུ་ཡིན་ཟེར། 

ལཱ་ཅཱ་ཏི་ཡིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་སོང་བ་ལས་འཛམ་གླིང་ཡོངས་དང་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ལ་གནོད་པ་ཐེབས་ཡོད་ལ། ཚོང་རའི་འཕེལ་འགྲིབ་ཇེ་དྲག་ཏུ་བཏང་ཡོད། མཁ་འདོན་མུ་འབྲེལ་ཆད་པའི་དབང་གིས་ཁེ་ལས་ཀྱི་ཐོན་སྐྱེད་མྱུར་ཚད་ཇེ་དལ་དུ་སོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་དགོས་མཁོ་ཡང་ཇེ་དམའ་རུ་སོང་ཡོད། དེའི་ཞོར་དུ་གཏན་འཇགས་མིན་པའི་རང་བཞིན་ལས་ཁེ་ལས་ཀྱི་དངུལ་གཏོང་འཆར་གཞི་དང་དངུལ་གསོག་ཐད་ཀྱི་གནོད་པ་ཇེ་ཆེར་སོང་ཡོད་ཟེར། 

ཁོ་མོས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོས་སྟོབས་དང་ལྡན་ལ་མཐུན་སྦྱོར་གཅིག་གྱུར་གྱི་ནོར་སྲིད་ཐག་གཅོད་བྱེད་ཐབས་སྤྱད་དེ། ཉེན་ཁར་འཕྲད་པའི་ཁེ་ལས་དང་བཟོ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་ལས་རིགས་ཀྱི་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨིན་ལི་ཡཱ་ཡིས་བསྟན་དོན། རིམས་ནད་ཀྱིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁལ་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། དངུལ་ཁང་གིས་ངེས་པར་དུ་གནས་སྐབས་སུ་དཀའ་ཁག་ལ་འཕྲད་པའི་ཁྱིམ་ཚང་དང་ཁེ་ལས་ལ་མ་དངུལ་འདོན་སྤྲོད་བྱེད་པའི་ནུས་པ་ཡོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།