ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཟླ་གསུམ་པའི་ཟླ་སྨད་དུ་ཨ་མེ་རི་ཁའི་ཕིས་ཙི་པའོ་གྲོང་ཁྱེར་དུ་སྤེལ་བར་ཐག་བཅད་ཡོད་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་དེ་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་སྤེལ་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་ཐུང་ངུ་ཞིག་སྤེལ་ཏེ། བདེ་འཇགས་ལ་བསམ་བློ་བཏང་སྟེ་ཨ་མེ་རི་ཁ་ཕྱོགས་ཀྱིས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ཕིས་ཙི་པའོ་ནས་སྤེལ་བར་ཐག་བཅད་ཡོད་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པ་དང་བསྟུན་ནས། ཨ་མེ་རི་ཁ་སྲིད་གཞུང་གི་ཕྱི་འབྲེལ་བྱ་འགུལ་རེ་འགར་ཤུགས་རྐྱེན་ཐེབས། དེའི་སྔོན་བསྒྲགས་པ་ལྟར་ན། ཟླ་གསུམ་པའི་ཟླ་དཀྱིལ་དུ་ལཱ་སི་ཝེ་ཅཱ་སི་ནས་སྤེལ་བར་ཐག་བཅད་ཡོད་པའི་ཨ་མེ་རི་ཁ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་དེ་རིམས་ནད་ཀྱི་དབང་གིས་རྗེས་སུ་སྣུར་ཡོད་ཟེར།
དེ་ལས་གཞན་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་རྒྱ་གར་དང་ཝུའུ་ཙི་པེ་ཁི་སི་ཐན། ཕཱ་ཁི་སི་ཐན་བཅས་སུ་འཚམས་འདྲི་བྱེད་པའི་འཆར་གཞི་རྗེས་སུ་སྣུར་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ཡའོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་སྤེལ་བའི་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་དུས་ཚོད་ཚེས་བཅུ་གཅིག་ཉིན་གྱི་ཉིན་གུང་བར། ཨ་མེ་རི་ཁར་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་ལྔ་བཅུར་བསླེབ་ཡོད་པ་དང་། རིམ་རྩིས་ཀྱིས་ནད་པ་ཉེར་དགུ་རྐྱེན་ལམ་དུ་ཤོར་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་དེ་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པར་སྤེལ་རྒྱུ་རེད།