ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་འཇར་མན་གྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་བྱེད་པ་ནི་མིག་སྔའི་ལས་འགན་གཙོ་བོ་ཡིན་པས། རྒྱལ་ཡོངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་རིམས་ནད་ཀྱི་ཉམས་སད་ཐེག་པར་བྱེད་དགོས་ཟེར། 

མའོ་ཁི་ཨར་གྱིས་ཉིན་དེའི་ཉིན་གུང་སྤེལ་བའི་གནས་སྐབས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ད་ལྟའི་ལས་འགན་གཙོ་བོ་ནི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་རྒྱུ་དེ་ཡིན་པ་དང་། བྱ་བའི་སྙིང་བོ་ནི་སྨན་བཅོས་མ་ལག་གི་འཁོར་སྐྱོད་སྲུང་འཛིན་བྱེད་པ་དེ་ཡིན་ཟེར། ཁོ་མོས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་འོག་ཉེན་རྟོག་པ་དང་དམག་དཔུང་། སྨན་བཅོས་མ་ལག་བཅས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པ་སྲུང་འཛིན་ཐུབ་པར་གལ་འགངས་ཧ་ཅང་ཆེ་ཟེར། 

མའོ་ཁི་ཨར་གྱིས་རྒྱལ་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། གལ་ཆེ་བ་ནི་ང་ཚོས་མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་ཐུབ་མིན་དང་ཐེངས་འདིའི་ཉམས་སད་ཐེག་མིན་དེ་ཡིན་ཟེར། 

གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། འཇར་མན་གྱི་རིམས་ནད་ཚོད་འཛིན་ལས་ཁུངས་ལོ་པའོ་ཐི་ཁི་ཧི་ཞིབ་འཇུག་ཁང་གི་མགོ་བ་ལོ་ཐཱ་ཨར་ཝེ་ལེ་ཡིས་བལྟས་ན། འཇར་མན་རྒྱལ་ཁབ་སྔར་བཞིན་རིམས་ནད་མཆེད་པའི་ཐོག་མའི་དུས་རིམ་དུ་གནས་ཡོད་པར་འདོད། 

ཞིབ་འཇུག་ཁང་དེས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅོ་ལྔའི་བར། འཇར་མན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་ལྔ་བརྒྱ་རེ་བདུན་ཡོད་པ་དང་། དེའི་ནང་ནད་པ་གསུམ་རྐྱེན་ལམ་དུ་ཤོར། 

རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་འཇར་མན་གྱིས་འགྲེམ་སྟོན་ཚོགས་འདུ་དང་ལུས་རྩལ་འགྲན་སྡུར་སོགས་བྱ་འགུལ་ཆེ་གྲས་མང་བོ་རྩིས་མེད་དུ་བཏང་བའམ་རྗེས་སུ་སྣུར་ཡོད་ལ། ཕྱི་རྒྱལ་དུ་ཁ་ཐུམ་དང་ལག་ཤུབས། འགོག་སྲུང་ལྭ་བ་སོགས་སྨན་བཅོས་ཡོ་བྱད་ཕྱིར་གཏོང་གཏན་འགོག་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།