ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྨན་བཅོས་འགོག་སྲུང་ཡོ་བྱད་ཀྱི་མཁོ་འདོན་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་གསུམ་ཉིན་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འགོག་སྲུང་ཡོ་བྱད་དཀོན་པ་ལས་རྒྱལ་ཁབ་མང་བོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ནུས་པར་ཚོད་འཛིན་ཐེབས་བཞིན་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ཁེ་ལས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས་སྨན་བཅོས་འགོག་སྲུང་ཡོ་བྱད་འཛམ་གླིང་ཡོངས་སུ་མཁོ་འདོན་བྱེད་ཚད་ད་ལྟའི་རྨང་གཞིའི་སྟེང་བརྒྱ་ཆའི་བཞི་བཅུ་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཐན་ཏི་སེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དགོས་མཁོ་ཇེ་ཆེར་སོང་བ་དང་བེད་སྤྱོད་ལུགས་མཐུན་མིན་པ་སོགས་རྒྱུ་རྐྱེན་དབང་གིས་སྨན་བཀོལ་ལག་ཤུབས་དང་ཁ་ཐུམ། འགོག་སྲུང་མིག་ཤེལ། འགོག་སྲུང་ལྭ་བ་སོགས་ཀྱི་མཁོ་འདོན་ཐད་དཀའ་ཁག་བྱུང་ཡོད་ཅིང་། རིམས་འགོག་གི་ལས་ཡུལ་དང་པོའི་མི་སྣའི་སྨན་བཅོས་མི་སྣར་འགོག་སྲུང་ཐོབ་མེད། གནས་ཚུལ་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

ཐན་ཏི་སེ་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པར། འཛམ་གླིང་ཡོངས་སུ་ཟླ་རེར་སྨན་བཀོལ་ཁ་ཐུམ་བྱེ་བ་བརྒྱད་དང་ས་ཡ་དགུ་བརྒྱ་དང་ལག་ཤུབས་བྱེ་བ་བདུན་དང་ས་ཡ་དྲུག འགོག་སྲུང་མིག་ཤེལ་ས་ཡ་གཅིག་དང་འབུམ་དྲུག་བཅས་མཁོ་བས། སྨན་བཅོས་འགོག་སྲུང་ཡོ་བྱད་ཀྱི་འཛམ་གླིང་ཡོངས་ཀྱི་མཁོ་འདོན་དེ་ད་ཡོད་ཀྱི་རྨང་གཞིའི་སྟེང་བརྒྱ་ཆའི་བཞི་བཅུ་འཕར་སྣོན་བྱེད་དགོས་ཟེར། ཁོས་འབྲེལ་ཡོད་ཁེ་ལས་ཀྱིས་མྱུར་དུ་ཐོན་ཚད་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཐོན་སྐྱེད་ལ་སྐུལ་སྤེལ་བྱེད་པའི་བྱེད་ཐབས་སྤྱད་དེ་དགོས་མཁོ་བསྐང་ཅི་ཐུབ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།