ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱལ་ཁབ་སོ་སོས་གང་ནུས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200301094752npqC.jpg

ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསར་འགོད་པར་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་འགུལ་སྐྱོད་སྤེལ་ཏེ། རང་ནུས་ཅི་ལྕོགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་དགོས་པ་དང་། ཞོར་དུ་མཐོང་ཆུང་མེད་པར་བཏང་སྟེ་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་བྲེལ་མྱུར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་བྱེད་དགོས་ཀྱང་གོ་སྐབས་ཧ་ཅང་ཉག་ཕྲ་བར་འགྱུར་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཡང་བསྐྱར་རྒྱལ་ཁབ་མི་ཉུང་བ་ཞིག་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་བྱུང་བ་ངོས་འཛིན་བྱས་པའི་ཐོག་མའི་ནད་པ་སྙན་ཞུ་བྱས་ཡོད་ཅིང་། ཨ་ཧྥེ་རི་ཁ་གླིང་གི་སྐམ་སར་ཡང་ནད་དེ་བྱུང་བའི་ནད་པ་ཡོད། ད་ལྟ་ནི་འཇིགས་དངངས་སྐྱེས་པའི་སྐབས་མ་ཡིན་པར་གྲ་སྒྲིག་གང་ལེགས་བྱེད་པའི་དུས་ལ་བབས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡི་སྐད་ཆ་དྲངས་ནས་ནན་གྱིས་བསྟན་དོན། ད་ལྟ་ཆེས་ཆེ་བའི་དགྲ་བོ་ནི་ནད་དུག་མ་ཡིན་པར་འཇིགས་དངངས་དང་འཆལ་གཏམ་རེད་ཟེར། དེ་བས་ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་ཚང་མས་རང་རང་གི་འགན་འཁྲི་ཁུར་དུ་བླངས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་གང་ལེགས་དང་མཐུན་སྒྲིལ་གཅིག་གྱུར་འོག་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐན་ཏི་སེ་ཡིས་ཚེས་ཉེར་བརྒྱད་ཉིན་སུའུ་ཙེར་གྱི་རི་ནེ་ཝ་ནས་ཁྱབ་སྒྲོག་བྱས་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་འཛམ་གླིང་ཡོངས་ཀྱི་ཉེན་ཁའི་རིམ་པ་དེ་མིག་སྔའི་མཐོ་བ་ནས་ཧ་ཅང་མཐོ་བའི་ཚད་དུ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།