ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་ལས་དོན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་གླིང་སྣེ་བྱང་མ་ས་ཁུལ་དུ་མཁའ་སྲུང་སྟོང་ཤོག་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་རྣམ་པ་གསར་བའི་གྲུ་གཟིངས་བཞི་མངག་རྒྱུ་ཡིན་པ་དང་། གླིང་སྣེ་བྱང་མའི་ཡ་ང་བའི་ཁོར་ཡུག་ཏུ་འཚམ་པའི་མཚོན་ཆ་དང་སྒྲིག་ཆས་གསར་བ་བརྒྱ་དང་བརྒྱད་ཅུ་ལྷག་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་ནམ་རྒྱུན་ཨུ་རུ་སིའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གིས་མཁའ་དམག་དང་མཚོ་དམག་སྐམ་འཐབ་རུ་ཁག དམིགས་བསལ་འཐབ་འཛིང་དམག་དཔུང་བཅས་ལ་མཉམ་འབྲེལ་བྱས་ཏེ། ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་གླིང་སྣེ་བྱང་མ་ས་ཁུལ་གྱི་སྒྲིག་ཆས་གཙོ་བོ་དང་དཔལ་འབྱོར་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སིའི་གླིང་སྣེ་བྱང་མ་ས་ཁུལ་གྱི་དམག་དོན་སྟོབས་ཤུགས་ལ་ཤུགས་སྣོན་བྱེད་པ་ནི་ཨུ་རུ་སིའི་རྒྱལ་སྲུང་གི་ལས་འགན་གཙོ་བོ་ཞིག་ཡིན་པ་དང་། ཨུ་རུ་སི་ལ་གླིང་སྣེ་བྱང་མ་ས་ཁུལ་དུ་འཐུས་སྒོ་ཚང་བའི་དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་ཡོད་པ་དང་། གླིང་སྣེ་བྱང་མ་ས་ཁུལ་གྱི་གླིང་ཕྲན་རེ་འགར་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་དམག་དོན་དང་འཚོ་བའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།