ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་གྱི་རྒྱལ་ས་ནས་ཟིང་འཁྲུག་བྱུང་སྟེ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་རྒྱབ་སྐྱོར་མཁན་དང་ངོ་རྒོལ་མཁན་གྱི་བར་དུ་དྷི་ལེའི་བྱང་ཤར་གྱི་ས་ཁུལ་མང་བོ་ནས་འཁྲུག་རྩོད་བྱུང་སྟེ་ཟང་ཟིང་དུ་གྱུར་ཡོད། ཚེས་ཉེར་དྲུག་ཉིན་བར་ཟིང་འཁྲུག་དེ་ལས་ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། 

དྷི་ལེ་གསར་བའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། དྷི་ལེ་གསར་བའི་བྱང་ཤར་ཕྱོགས་སུ་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་རྒྱབ་སྐྱོར་མཁན་དང་ངོ་རྒོལ་མཁན་གྱིས་ཕན་ཚུན་རྡོ་བས་བརྒྱག་རེས་བྱས་པར་མ་ཟད་མི་མང་བོས་མེ་མདས་བརྒྱབ་པ་རེད། ཚེས་ཉེར་དྲུག་ཉིན་ཟིང་འཁྲུག་བྱུང་སའི་ས་ཁུལ་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། ཚོང་ཁང་དང་རླངས་འཁོར་མང་བོ་མེར་བསྲེགས་ཡོད་ལ། ཉུང་མཐར་ཡང་ཉེན་རྟོག་པ་གཅིག་དང་བཅས་པའི་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉིས་བརྒྱ་ལྷག་ལ་རྨས་ཕོག་ཡོད། དེའི་ནང་མི་བདུན་ཅུ་ལྷག་ལ་མེ་མདས་རྨས་པ་རེད། 

མིག་སྔར་རྒྱ་གར་སྲིད་གཞུང་གིས་ཟིང་འཁྲུག་བྱུང་སའི་ས་ཁུལ་དུ་ཉེན་རྟོག་པ་དང་དམག་དོན་མི་སྣ་སྟོང་དྲུག་ལྷག་བཀོད་སྒྲིག་བྱས་ཏེ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། 

སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་དང་ཚེས་བཅུ་གཅིག་ཉིན་སྔ་གཞུག་ཏུ་རྒྱ་གར་གྱི་གྲོས་ཁང་གོང་ཞོལ་ནས་གྲོས་འཆམ་བྱུང་བ་དང་། དེའི་རྗེས་སུ་ཙུང་ཐུང་གིས་མིང་བཀོད་དེ་བཅའ་ཁྲིམས་སུ་གྱུར་ཡོད། བཟོ་བཅོས་འཆར་ཟིན་དེ་ལྟར་ན། རྒྱ་གར་སྲིད་གཞུང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ཆོས་ལུགས་ཀྱི་གནོད་པའི་དབང་གིས་ཕཱ་ཁི་སི་ཐན་དང་བྷང་ག་ལཱ། ཨ་ཧྥུའུ་ཧན་བཅས་རྒྱལ་ཁབ་གསུམ་ནས་རྒྱ་གར་དུ་ཡོང་ཞིང་ཆོས་ལུགས་མི་འདྲ་བ་དྲུག་ལ་དད་མོས་བྱེད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་དག་ལ་སྤྱི་དམངས་ཀྱི་ཐོབ་ཐང་བསྩལ་ཡོད་ཀྱང་། མུའུ་སི་ལིན་གཅིག་པུ་ཡན་གར་བཀར་ཡོད་པ་རེད། བཟོ་བཅོས་འཆར་ཟིན་དེར་གྲོས་འཆམ་བྱུང་རྗེས་དེར་ངོ་རྒོལ་དྲག་པོ་བྱས་པ་དང་ཟང་ཟིང་གི་རྣམ་པ་བྱུང་། ཟིང་འཁྲུག་དེ་བྱང་ཤར་ཕྱོགས་ཀྱི་ཨ་སཱ་མུའུ་པང་དང་མཱེ་ཅཱ་ལཱ་ཡཱ་པང་སོགས་ས་ཁུལ་ནས་བྱུང་སྟེ་མྱུར་མོར་རྒྱལ་ཡོངས་སུ་རྒྱ་ཡན་དུ་སོང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།