ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གཙོ་བོ་ནས་སྡོད་ཁང་སྟོང་གསུམ་དང་ལྔ་བརྒྱ་གསར་དུ་ལས་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་མཱ་ཨ་ལེ་ཨ་ཏུའུ་མེན་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་སྟོང་གསུམ་དང་ལྔ་བརྒྱ་གསར་དུ་ལས་རྒྱུ་ཡིན་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཡེ་ལུའུ་སཱ་ལེམ་དུ་སྤྱི་བའི་བྱ་འགུལ་ཞིག་ལ་ཞུགས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་ཚུལ་ལྟར་ན། སྡོད་ཁང་སྟོང་གསུམ་དང་ལྔ་བརྒྱ་བོ་དེས་མཱ་ཨ་ལེ་ཨ་ཏུའུ་མེན་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དང་ཡེ་ལུའུ་སཱ་ལེམ་ཕན་ཚུན་སྦྲེལ་རྒྱུ་རེད། 

མཱ་ཨ་ལེ་ཨ་ཏུའུ་མེན་ནི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཆེས་ཆེ་བའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཅིག་ཡིན་ཞིང་། གལ་ཏེ་རྒྱ་བསྐྱེད་འཆར་གཞི་དངོས་འབེབས་བྱས་ན། གཏན་སྡོད་ས་ཁུལ་དང་ཡེ་ལུའུ་སཱ་ལེམ་གཅིག་ཏུ་སྦྲེལ་ཐུབ་པ་དང་། ཅོར་ཏན་གཙང་བོའི་ནུབ་འགྲམ་དེ་ལྷོ་བྱང་ཁག་གཉིས་སུ་བགོ་སྲིད། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིས་སྟོང་བཅུ་གཉིས་ལོར་མཱ་ཨ་ལེ་ཨ་ཏུའུ་མེན་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་འཆར་གཞི་བཏོན་མྱོང་ཡང་། འཆར་གཞི་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒོལ་གཏམ་དྲག་པོ་ཐེབས་པས་ལག་བསྟར་བྱེད་མཚམས་བཞག་པ་རེད། 

དབྱི་སི་རལ་གྱིས་ཟླ་གསུམ་པའི་ཚེས་གཉིས་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད། དབྱི་སི་རལ་གླེང་ཕྱོགས་ཀྱིས་བལྟས་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྐབས་ཐོག་འདིར་མཱ་ཨ་ལེ་ཨ་ཏུའུ་མེན་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་འཆར་གཞི་ཁྱབ་སྒྲོག་བྱས་པའི་དམིགས་ཡུལ་ནི་གྲོས་ཁང་གི་འདེམ་བསྐོའི་སྔོན་ལ་རྒྱལ་ནང་གི་སྟོབས་ཤུགས་གཙོ་བོ་དང་ཁྱད་པར་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་མཁན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ཆེད་དུ་ཡིན་པར་འདོད། 

ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་གནད་དོན་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་བཀག་རྒྱ་གཙོ་བོ་ཞིག་ཡིན་པ་དང་། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་འཐབ་འཁྲུག་ཐེངས་གསུམ་པའི་ཁྲོད་ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་ས་ཁུལ་དེ་དག་ནས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གསར་དུ་ལས་པ་རེད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མཚམས་མ་བཞག་ན། ཞི་བའི་གྲོས་མོལ་སླར་གསོ་བྱེད་མི་སྲིད་པ་རྒྱུན་འཁྱོངས་བྱས་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།