ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཀྲུང་གོའི་འདས་པའི་ལོ་ངོ་བཅུ་ཕྲག་འགའི་འཕེལ་རྒྱས་བགྲོད་ལམ་ལས་ཨ་ཧྥེ་རི་ཁ་གླིང་ལ་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་ཟེར། 

ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ས་ཁོངས་གླེང་སྟེགས་སྐབས་དྲུག་པ་ཚེས་ཉེར་ལྔ་ཉིན་ཙེམ་པབ་ཝེའི་གནས་སྐོར་ཡུལ་མཆོག་ཝེ་ཏའོ་ལེ་ཡཱ་རྦབ་ཆུའི་མཁར་ནས་ཚོགས་མགོ་བརྩམས། ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། མི་དམངས་དབུལ་ཕོངས་ལས་ཐར་དུ་འཇུག་པ་སོགས་ཀྱི་ཐད་ནས་ཀྲུང་གོའི་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། ཁོ་མོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། རྒྱལ་ཁབ་རང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཨ་ཧྥེ་རི་ཁ་གླིང་གི་ཉིས་སྟོང་རེ་གསུམ་ལོའི་གྲོས་བཅས་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་རང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། 

ཨ་མེན་ནཱ་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་ཀྱང་། སྤྱི་ཕྱོགས་ནས་བརྗོད་ན་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་བཞིན་བར་ཐག་ངེས་ཅན་ཡོད་ཟེར། 

ཁོ་མོས་བཤད་རྒྱུར། མི་གྲངས་ཀྱི་འཕར་ཚད་ཅུང་མཐོ་བ་སོགས་རྒྱུ་རྐྱེན་དབང་གིས་ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ། ཨ་ཧྥེ་རི་ཁ་གླིང་གི་དབུལ་ཕོངས་མི་གྲངས་ཀྱི་སྤྱི་གྲངས་ཇེ་མང་ནས་ཇེ་མང་ཡིན། དེ་ལས་གཞན་ཨ་ཧྥེ་རི་ཁ་གླིང་འབྲུ་རིགས་དཀོན་པའི་གནས་ཚུལ་ཚབས་ཆེན་ལ་འཕྲད་ཡོད་པ་དང་། ལས་ཤོར་གྱི་ཚད་མཐོ་བ་བ་དང་ཡོང་འབབ་འདྲ་མཉམ་མིན་པ་སོགས་ཀྱི་སྣང་ཚུལ་ཡང་ཧ་ཅང་ཚབས་ཆེན་རེད་ཟེར། 

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཞིང་ལས་དང་གཏེར་ལས་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པ་བེད་སྤྱོད་གང་ལེགས་བྱས་ཤིང་། སྟོབས་དང་ལྡན་པའི་འཐབ་ཇུས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ནམ་ཟླའི་འགྱུར་ལྡོག་ལས་བཟོས་པའི་འགྲན་རྩོད་ཐག་གཅོད་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཁག་སོ་སོ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བཞི་བཅུ་ལྷག་ནས་ཡོང་བའི་དཔོན་པོ་དང་ཆེད་མཁས་པ། མཁས་པ་བཅས་མི་སྟོང་གསུམ་ལྷག་སྐབས་འདིའི་གླེང་སྟེགས་ལ་ཞུགས་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།