ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ནུབ་བྱང་ཕྱོགས་སུ་ཚད་རིམ་ལྔ་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ནུབ་བྱང་ཕྱོགས་ཀྱི་ཨ་སེ་པེད་ཅང་ཞིང་ཆེན་ནས་ཉིན་དེར་ཚད་རིམ་ལྔ་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་ལ་རྨས་ཕོག་ཡོད་ཟེར། 

དབྱི་ལིང་འཕྲལ་སྒྲུབ་རྒུད་སྐྱོབ་སྡེ་ཁག་གི་མགྲིན་ཚབ་པ་ཧཱ་ལའེ་ཏིས་ཀྱིས་བཤད་རྒྱུར། ས་འགུལ་དེ་དབྱི་ལིང་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་བྱུང་བ་དང་། དབྱི་ལིང་ཕྱོགས་ནས་ཉུང་མཐར་ཡང་མི་སོ་དྲུག་ལ་རྨས་ཕོག་ཡོད་ལ། སྡེ་བ་ཉེར་ལྔར་གཏོར་བརླག་ཅུང་ཚབས་ཆེན་ཐེབས་ཡོད་ཟེར། 

དབྱི་ལིང་ས་འགུལ་ལྟེ་གནས་ཀྱིས་བསྒྲགས་པའི་སྙན་ཞུ་ལྟར་ན། ས་འགུལ་དེ་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་བཞིའི་སྟེང་བྱུང་བ་དང་། གཏིང་ཚད་ལ་སྤྱི་ལེ་དྲུག་ཡོད། ས་འགུལ་བྱུང་ས་གཙོ་བོ་དེ་དབྱི་ལིང་གི་ཀི་ཐུའུ་ཨར་ས་ཁུལ་ཡིན་ལ། ས་ཁུལ་དེ་ཡོད་སའི་ཨ་སེ་པེད་ཅང་ཞིང་ཆེན་ནི་ཐུར་ཁེ་དང་འདབས་འབྲེལ་དུ་ཡོད་པ་རེད། 

གཞན་ཡང་ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ལས་ཐུར་ཁེའི་མངའ་ཁོངས་སུ་མི་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།