ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ནས་དུས་ཡུན་རིང་བོའི་སྔོན་རྩིས་ལ་ཐུན་མོང་གི་ལྟ་ཚུལ་བྱུང་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དེ་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པུའུ་ལུའུ་སེར་ནས་སྤེལ་བ་དང་། གཙོ་བོ་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་དུས་ཡུན་རིང་བོའི་སྔོན་རྩིས་ལ་གྲོས་བསྡུར་བྱས་པ་ཡིན་ཡང་། ཕྱོགས་སོ་སོས་ཐུན་མོང་གི་ལྟ་ཚུལ་བཀོད་མེད། དེ་ནི་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་དང་པོ་རེད། 

མཐོ་རིམ་གྲོས་ཚོགས་བསྡུ་མཁན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་བཤད་རྒྱུར། སྔོན་རྩིས་ལ་དམིགས་པའི་གྲོས་མོལ་དེར་ནམ་རྒྱུན་དཀའ་ཁག་ཡོད་པ་དང་། ཁྱད་པར་དུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་བ་ལས་མ་དངུལ་གྱི་ཆད་ཤོར་ཆེན་པོ་བྱུང་ཡོད། སྟབས་མི་ལེགས་པ་ཞིག་ལ་དེ་རིང་ང་ཚོས་གྲོས་མཐུན་འགོད་ཐབས་མི་འདུག ང་ཚོར་སྔར་ལས་མང་བའི་དུས་ཚོད་མཁོ་གལ་ཆེ་བ་དང་། ཕྱོགས་སོ་སོས་ངེས་པར་དུ་ཧུར་ཐག་སྒོས་འགལ་བ་མེད་པར་བཏང་ནས་ཁེ་ཕན་གྱི་སེམས་ཁུར་ཐད་ནས་མཐུན་སྦྱོར་བྱེད་དགོས་ཟེར། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བཤད་རྒྱུར། ཕྱོགས་སོ་སོའི་བར་གྱི་འགལ་བ་ཧ་ཅང་ཆེ་བས་གྲོས་མཐུན་འགོད་མ་ཐུབ་པ་དང་། རྗེས་ཕྱོགས་མུ་མཐུད་དུ་གྲོས་བསྡུར་བྱེད་པ་ལས་འོས་མེད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། བྲེལ་བ་ཧ་ཅང་ཆེ། གལ་ཏེ་ད་ལོར་གྲོས་མཐུན་འགོད་མ་ཐུབ་ན། མ་འོངས་པའི་ལོ་ངོ་བདུན་གྱི་སྔོན་རྩིས་མེད་པར་འགྱུར་བ་དང་། དབྱི་ལཱ་སི་མའོ་འཆར་གཞིར་དང་ཚན་རིག་ཞིབ་འཇུག་བྱ་འགུལ། ས་ཁོངས་འཕེལ་རྒྱས། མཐའ་མཚམས་དོ་དམ་བཅས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ཡོད་མི་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།