ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཨུ་ཡོན་ལྷན་ཁང་བཙུགས་ནས་ནགས་ཚལ་མེ་སྐྱོན་གྱི་ཐག་གཅོད་བྱེད་ཐབས་ལ་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཚེས་ཉི་ཤུ་ཉིན་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། ནགས་ཚལ་མེ་སྐྱོན་གྱི་ཐག་གཅོད་བྱེད་ཐབས་ནུས་ལྡན་ཡིན་མིན་ལ་རྟོག་ཞིབ་དང་། ཕྱིན་ཆད་གནོད་འཚེ་ཐག་གཅོད་བྱེད་པར་གྲོས་གཞི་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

མའོ་ལི་སིན་གྱིས་བཤད་རྒྱུར། ཉེ་བའི་ཟླ་ངོ་འགའི་ནང་གི་ནགས་ཚལ་མེ་སྐྱོན་ལས་རིམ་པ་སོ་སོའི་སྲིད་གཞུང་ལ་འགྲན་རྩོད་ཆེན་པོ་བཟོས་ཡོད་པས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་རྟོག་ཞིབ་བྱ་འགུལ་སྤེལ་དགོས་ཟེར། 

རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་མིང་ལ་ནགས་ཚལ་མེ་སྐྱོན་རྒྱལ་བོའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་དུ་འབོད་པ་དང་། ཨོ་སི་ཁྲུ་ལི་ཡཱ་ནི་དབྱིན་ཇི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་ཡིན་པས། ཨོ་སི་ཁྲུ་ལི་ཡཱ་ནས་སྤྱིར་བཏང་གི་གནས་ཚུལ་འོག་ཏུ་རྒྱལ་བོའི་ཨུ་ཡོན་ལྷན་ཁང་གི་མིང་བཏགས་པའི་ལས་ཁུངས་ཀྱིས་དམིགས་བསལ་སྤྱི་བའི་ལས་དོན་ལ་རྟོག་ཞིབ་བྱེད་པར་རྟོག་ཞིབ་དབང་ཆ་ཆེན་པོ་ལྡན་པ་རེད། 

མའོ་ལི་སིན་གྱིས་བཤད་རྒྱུར། ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་བྱ་ཡུལ་ནི་ནགས་ཚལ་མེ་སྐྱོན་གྱི་སྔོན་འགོག་དང་། ཐག་གཅོད། གནོད་ཐེབས་རྗེས་ཀྱི་སླར་གསོའི་བྱེད་ཐབས་བཅས་ཡིན་ཟེར། 

སྤྱིར་བཏང་དུ་ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་རང་བྱུང་གནོད་འཚེ་ཐག་གཅོད་བྱེད་པའི་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཡོད། ཨུ་ཡོན་ལྷན་ཁང་དེས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རིགས་དེ་མཚུངས་ཀྱི་གནོད་འཚེ་ཐག་གཅོད་བྱེད་པར་གྲོས་གཞི་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།