ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཧྥ་རན་སི། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་བཅས་ཀྱིས་ཚེས་ཉེར་གཅིག་ཉིན་ཁ་པར་བཏང་སྟེ། སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

འཇར་མན་གྱི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གཙོ་བོ་སི་རི་ཡཱ་དང་ཁྱད་པར་དུ་སི་རི་ཡཱའི་ནུབ་བྱང་ཤར་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་དང་། དེ་མིན་ལི་པུ་ཡཱའི་མིག་སྔའི་གནས་བབ་འཕེལ་རྒྱས་ལ་གྲོས་བསྡུར་བྱས། 

དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་གནས་བབ་ཐད་ནས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ས་དེའི་མང་ཚོགས་ཀྱིས་མྱོང་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ལ་དོ་སྣང་བྱས་པ་དང་། ས་དེའི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁར་སེམས་ཁུར་བྱེད་པའི་ཚུལ་བསྟན། ཕྱོགས་གསུམ་གྱིས་ངེས་པར་དུ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་མིག་སྔའི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་ཡིད་འཐད་བྱུང་བ་དང་། མིག་སྔའི་གནས་བབ་འོག་ཏུ་དུས་ལྟར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་བཅས་པའི་བར་གྱི་གྲོས་མོལ་སྤེལ་ན་ཕན་ཐོགས་ཡོད་པར་བསམ་ཡོད། 

གཞན་ཡང་ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་བཤད་རྒྱུར། སི་རི་ཡཱའི་དམག་དཔུང་དང་དེའི་རྒྱབ་སྐྱོར་མཁན་གྱིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ལ་བཀག་འགོག་བྱེད་དགོས་པ་དང་། སྟོབས་དང་ལྡན་པའི་རྒྱབ་སྐྱོར་དང་བྱེ་བྲག་གི་འགུལ་སྐྱོད་སྤེལ་ཏེ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་བཀག་འགོག་བྱེད་དགོས་པ་ནན་བཤད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།