ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་འདུམ་འགྲིག་ལྟེ་གནས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཨུ་རུ་སིའི་མཁའ་དམག་གི་སུའུ-24རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཡི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་དུ་ཡོད་པའི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་ཟེར། 

བསྒྲགས་པ་ལྟར་ན། དྲག་ཆས་ཉེས་ཅན་གྱིས་ཉིན་དེར་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་ཁི་མུས་ནཱ་སི་ནས་ནཱ་དབྱེ་ལཱ་པུའུ་འགྲམ་བརྒྱུད་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་ཐེངས་འགའ་བྱས་ཟེར། གསལ་སྒྲོག་ལས་དྲག་ཆས་ཉེས་ཅན་གྱི་འགུལ་སྐྱོད་དེར་ཐུར་ཁེའི་དམག་དཔུང་གི་མེ་ཤུགས་རྒྱབ་སྐྱོར་ཐོབ་ཡོད་ལ། དྲག་ཆས་ཉེས་ཅན་གྱིས་སི་རི་ཡཱའི་དམག་དཔུང་གི་འགོག་སྲུང་ལམ་ཐིག་ལ་གཏོར་བརླག་བཟོས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་དག་སི་རི་ཡཱའི་མངའ་ཁོངས་སུ་ཡོང་བར་སྔོན་འགོག་བྱེད་ཆེད། ཨུ་རུ་སི་ཕྱོགས་ཀྱིས་སི་རི་ཡཱའི་རེ་བ་ལྟར་དུ་སུའུ-24རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མངག་སྟེ་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་བཏང་བ་རེད། ཨུ་རུ་སིའི་རོགས་སྐྱོར་འོག སི་རི་ཡཱའི་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱི་ཚུར་རྒོལ་ཕམ་ཉེས་སུ་བཏང་བ་དང་། ཐན་ཁི་འཁོར་ལོ་གཅིག་དང་རྐང་དམག་གི་འཐབ་འཁོར་དྲུག མཚོན་ཆ་ཆེ་གྲས་དྲུད་པའི་རླངས་འཁོར་ལྔ་བཅས་ལ་གཏོར་བཤིག་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།